R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༥༥
[A:༥༥]རྒྱལ་མཚན་དང་། ཞང་ཡེ་ཤེས་སྡེ་ལ་སོགས་པའོ། གསུམ་པ་ཆོས་དར་ཚུལ་ནི། ཐོག་མར་ཡོན་ཏན་གྱི་གཞི་ཡི་གེའི་རིགས་འདི་དར་ཏེ། བོད་ཀྱི་ཆོས་རྒྱལ་སྒམ་པོ་ནས། རྒྱལ་བུ་མྱང་རལ་ཅན་གྱི་བར། རྒྱལ་རབས་དྲི་མེད་དགུ་བྱོན་ཞིང་། ཡི་གེའི་མཁན་པོ་བདུན་(བརྒྱད) བྱོན་ལ། ཡི་གེའི་དཔེ་ཡང་བདུན་(བརྒྱད) བཀོད་ཅིང་། ཞེས་པ་ལྟར། སྲོང་བཙན་ནས། ཉང་རལ་གྱི་བར་དགུའམ་ཕྱེད་དང་བཅུའི་བར་ལ། ཡི་གེའི་མཁན་པོ་ཐོན་མི། ཕྱག་དར། རིན་ཆེན་འབར། ཆབ་དཀར་བེའུ་རྗེ། ཅུང་པ་དགེ་བཀོག། ཚེ་སྤོང་བྱང་ཆུབ། ཏྲ་ཤུད་གཉིས་དང་དགུ་(གཅིག་ཆད) བྱོན་ཞིང་། ཡི་གེའི་དཔེ་ཡང་། སྦལ་ནག་སྦྲད་(བགྲད) པ་འདྲ་བ། སོ་པག་(ཕག) གཤིབས་པ་འདྲ་བ། བྱ་ཕོ་འཇོལ་བ་འདྲ་བ། ནས་སྔོན་འཕྱིང་དཀར་སྟེང་བཀྲམ་པ་འདྲ་བ། མུ་ཏིག་དར་བརྒྱུས་འདྲ་བ། སྦུར་ནག་བགྲད་པ་འདྲ་བ། ཉ་སྟང་དཀར་ཆུ་ནས་ཕྱུངས་པ་འདྲ་བ། སེང་གེ་འཕོ་བ་འདྲ་བ་དང་བདུན་(གཅིག་ལྷག) བཀོད་དོ། ཆོས་བསྒྱུར་བའི་བོད་ཀྱི་སྐད་ལ་ཡང་། དེང་སང་བོད་དུ་གྲགས་པའི་མིང་༎ བཀས་བཅད་ཡུལ་སྐད་འཕྲལ་སྐད་གསུམ༎ བཀས་བཅད་ལ་ཡང་དང་པོ་དང་༎ བར་དང་ཐ་མ་གསུམ་མི་མཐུན༎ ཞེས་པ་ལྟར། ཆོས་བསྒྱུར་བའི་བོད་སྐད་ལ། བཀས་བཅད་རྣམ་པ་གསུམ་བྱུང་བའི། བཀས་བཅད་དང་པོ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡན་ཆད་ནས། སྲོང་བཙན་སྒམ་པོ་མན་ཆད་ཀྱི་བར་ལ། ལོ་ཙཱ་བ་ཐོན་མི་ནས། བཻ་རོ་ཙ་ནའི་བར་གྱི་ལོ་ཙཱ་བས་བསྒྱུར་བ་རྣམས་ཏེ། དེ་ཡང་ལུང་སྡེ་བཞི་དང་། ཕལ་པོ་ཆེ་དང་། དཀོན་རྩེགས་སོགས་དང་། ཤེར་ཕྱོགས་མདོ་ཁ་ཅིག་སོགས། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་རྣམས་སོ། རྒྱལ་པོ་ཁྲི་སྲོང་ལྡེ་