R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༦༥
[A:༢༦༥]མེད་པས། ཁོ་བོ་ཅག་དེ་མི་འདོད་ཟེར་བ་ན། རྒྱལ་པོ་ལ་སོགས་པ་དཔང་པོར་བཞག་སྟེ། ང་ཉིད་སྐྱེ་བ་ལེན་པ་ཡིན་པས་དཔྲལ་བར་རྟགས་ཐོབ་ཅིག་བྱས་ནས་དེས་དཔྲལ་བར་མཚལ་གྱི་ཐིག་ལེ་ཤ་ཐིམ་པ་ཞིག་བྱས། ཁ་ནང་དུ་མུ་ཏིག་བཅུག་སྟེ། དེ་ཉིད་དུ་འདས་ཏེ་དེའི་ལུས་ཟངས་ཁ་སྦྱར་གྱི་ནང་དུ་བཅུག་སྟེ་རྒྱལ་པོས་རྒྱས་བཏབ་བོ། དེའི་ཚེ་རྒྱལ་རིགས་ཀྱི་པཎྜི་ཏ་བི་ཤ་ས་ཁ་ཞེས་བྱ་བའི་བུར་སྐྱེ་བ་བླངས་པ་བཞིན། དེ་ལ་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས་མ་ཐག་ཏུ། མཚལགྱི་ཐིག་ལེ་དཔྲལ་བར་ཡོད་པ་ཁ་ན་མུ་ཏིག་ཡོད་པ་དེ་བྱུང་། རྒྱལ་པོ་སོགས་ཀྱིས་སྔར་གྱི་ཕུང་པོ་དེ་ལ་བལྟས་པས། དཔྲལ་བའི་མཚལ་གྱི་ཐིག་ལེ་ཡང་བྱི། མུ་ཏིག་གི་ཤུལ་ཧར་རེ་འདུག་གོ། །དེར་མུ་སྟེགས་དེ་ཡང་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་སྐད། ཁྱེའུ་དེས་མ་ལ་བཙས་མ་ཐག་ཏུ་ཕྱག་བྱས་ཏེ། ཟླ་བ་བཅུ་འོ་བརྒྱལ་བར་མ་གྱུར་ཏམ་བྱས་པས། བྱིས་པ་བཙས་མ་ཐག་སྨྲ་བ་ནི་ལྟས་ངན་ནོ་སྙམ་ནས་ཁ་རོག་འདུག་བྱས་སོ། ། དེ་ནས་ལོ་བདུན་གྱི་ངར་ཅང་ལ་སྨྲས་པས་ལྐུགས་པའོ་སྙམ་མོ། །དེར་མུ་སྟེགས་ཀྱི་རྒོལ་བ་ཞིག་གིས། ཤིན་ཏུ་གོ་དཀའ་བའི་སྙན་ངག་གི་ཚིགས་སུ་བཅད་པ་སངས་རྒྱས་པའི་གྲུབ་མཐའ་འགོག་པ་ཞིག་བརྩམས་ནས་རྒྱལ་པོ་དང་མཁས་པའི་ཚོགས་ལ་འགྲིམས་སོ། དེར་བི་ཤ་ས་ཁའི་ཁྱིམ་དུ་བྱུང་བ་ན། དེ་ཡུན་རིང་དུ་བརྟགས་པས་སྒྲ་དོན་ཇི་བཞིན་གོ་བ་ཡང་མེད་ན་ལན་གདབ་པར་ག་ལ་ནུས་ཏེ། དོན་དེ་སེམས་ཤིང་ཁྱིམ་གྱི་ཕྱི་རོལ་ཏུ་བྱ་བ་ཞིག་ལ་སོང་ངོ་། དེ་ཙནྡྲ་གོ་མི་ལ་བདུན་ལོན་པ་དེས་བལྟས་པ་ན། དོན་ཤེས་ཤིང་ལན་གདབ་པར་དཀའ་བ་མེད་དེ། དེའི་དོན་འགྲོལ་བའི་ཡིག་ཆུང་བཏབ། ལན་གྱི་ཚིགས་བཅད་ཀྱང་བྲིས་སོ། །