R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༦༦
[A:༢༦༦]ཕ་ནང་དུ་འོང་བ་ན་དེ་ལྟར་བྲིས་པ་མཐོང་ནས། ཁྱིམ་དུ་སུ་བྱུང་ཞེས་ཙནྡྲ་གོ་མིའི་མ་ལ་དྲིས་སོ། གཞན་སུ་ཡང་མ་འོངས་ཏེ་བུ་ལྐུགས་པ་བལྟ་ཞིང་བྲིའོ། དེར་ཕས་བུ་ལ་དྲིས་པ་ན་མའི་གདོང་ལ་བལྟ་ཞིང་འདུག་གོ། །མས་སྨྲོས་ཤིག་བྱས་པས། འདི་ནི་བདག་གིས་བྲིས་པ་ཡིན་ཏེ། རྒོལ་བ་འདི་ལྡོག་པ་ནི་དཀར་བ་མ་ཡིན་ནོ་ཞེས་ཟེར། དེ་ནས་ནང་པར་ཞིག་ན་ཙནྡྲ་གོ་མི་དང་། མུ་སྟེགས་ཀྱི་སྟོན་པ་དེ་རྩོད་པར་ཙནྡྲ་གོ་མི་རྒྱལ་དེ་བྱ་དགའ་ཆེན་པོ་ཐོབ། དེ་ནས་སྒྲ་དང་རྟོག་གེ་ལ་སོགས་པའི་རིག་གནས་ཐུན་མོང་བ་ཐམས་ཅད་མ་བསླབས་པར་རང་ཤེས་ཤིག་བྱུང་སྟེ། ཕྱོགས་ཐམས་ཅད་དུ་གྲགས་པས་ཁྱབ་བོ། དེ་ནས་ཐེག་པ་ཆེན་པོའི་སློབ་དཔོན་ཞིག་ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གནས་ལྔ་བླངས་སློབ་དཔོན་ཆེན་པོ་བློ་གྲོས་བརྟན་པ་ལ་མདོ་སྡེ་དང་མངོན་པའི་སྡེ་སྣོད་ནན་ཆེར་ལན་ཅིག་ཉན་པ་ཙམ་གྱིས་མཁྱེན། རིག་པ་འཛིན་པའི་སློབ་དཔོན་མྱ་ངན་མེད་པ་ཞེས་བྱ་བ་ལ་བཀའ་ལུང་ནོད་དེ་རིག་སྔགས་བསྒྲུབས་པས་འཕགས་པ་སྤྱན་རས་གཟིགས་དང་། སྒྲོལ་མའི་ཞལ་མངོན་སུམ་གཟིགས། ཤིན་ཏུ་མཁས་པ་ཆེན་པོར་གྱུར། དེ་ནས་ཤར་ཕྱོགས་སུ་རྒྱལ་པོ་བྷ་ར་ཥ་ཡུལ་དུ་སྨན་དཔྱད་དང་སྡེབ་སྦྱོར་དང་བཟོའི་གནས་ཀྱི་སྟོན་པ་མང་དུ་བྱས། ཁྱད་པར་དུ་སྒྲ་རིག་པ་མང་དུ་བཤད་ཅིང་ཡོད། དེའི་ཚེ་རྒྱལ་པོའི་བུ་མོ་ཏ་རཱ་ཞེས་བྱ་བ་བག་མར་བླངས་ཤིང་རྒྱལ་པོས་ཡུལ་འཁོར་ཞིག་ཀྱང་སྦྱིན། ལན་ཅིག་དེའི་གཡོག་མོས་ཏ་རཱ་ཞེས་འབོད་ཀྱི་འདུག་པས། ཡིད་དམ་དང་མཚན་མཐུན་པ་ཁྱིམ་ཐབ་ཏུ་མི་རུང་ངོ་སྙམ་ནས། སློབ་