R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༦༤
[A:༢༦༤]དང་པོ་ནི། ཀུན་ཤེས་ལས། དེ་བཞིན་བྲམ་ཟེ་པཱ་ཎི་ནི་ལས་ཀྱང་། རང་མིང་ལྡན་པའི་བསྟན་བཅོས་ཆེན་པོ་སྦྱར། །ཞེས་གསུངས་པ་ལྟར། བྲམ་ཟེ་པཱ་ཎི་ནི་བྱུང་ཚུལ་སྤྱི་དོན་དུ་གསལ་ཞིང་། སྤྱིར་འཕགས་པའི་ཡུལ་དུ་གྲགས་པའི་སྒྲ་མདོ་ཀ་ཙན་གཉིས་སུ་མ་འདུས་པ་དབྱངས་ཅན་བྱཱ་ཀ་ར་ཎ་ཀ་ལཱ་པའི་མདོ་ཤིན་ཏུ་རྒྱས་པ་ཞིག་པཎྜི་ཏ་རཱ་ཛ་ཤྲིས་ཀ་ཙན་གཉིས་ཀྱི་དོན་བསྡུས་པ་རཱ་ཛ་ཤྲི་བྱཱ་ཀ་ར་ཎ་ཞེས་བྱ་བ་དང་། རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུའི་ཆོས་འབྱུང་ལས། རྒྱལ་པོ་ཙནྡ་སྐྱོང་གི་གྲོགས་པོ་བྲམ་ཟེ་ཨིནྡྲ་དྷུ་བ་ཞེས་བྱ་བས་ལྷའི་དབང་པོ་བསྒྲུབས་ནས་སྒྲའི་ངེམས་གནས་ཞུས་ཏེ། དེས་བཤད་པ་བྲིས་པ་ཨིནྡྲ་
དབང་པོའི་བརྡ་སྤྲོད་པ
བྱཱ་ཀ་ར་ཎ་ཞེས་གྲགས་པ་ཤོ་ལོ་ཀ་ཉིས་ཁྲི་ལྔ་སྟོང་ཡོད་པ་འདི་ལ་ལྷས་བསྟན་པའི་བརྡ་སྤྲོད་པ་ཞེས་ཟེར་རོ་གསུང་བས། ཨིནྡྲ་བྱཱ་ཀ་ར་ཎའི་བཤད་རྒྱུན་ཡང་རྒྱ་གར་ན་ཡོད་པར་གསལ་ལོ།
གཉིས་པ་ནི། ཀུན་ཤེས་ལས། དེ་ལ་ཙནྡྲ་གོ་མིས་བསྡུས་པ་ཡི། །གཞུང་ལ་ཙནྡྲ་པར་གྲགས་ཆོས་འབངས་ཀྱིས། །བྱས་པའི་འགྲེལ་པ་དང་བཅས་བོད་དུ་འགྱུར། ཞེས་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པའི་ཙནྡྲ་པ་ཆར་གཏོགས་དང་བཅས་པ་བྱུང་ཚུལ་སྟོད་པ་སྟེ། དེ་ཡང་ལོ་རྒྱུས་ཡོངས་གྲགས་རྣམས་སྤྱི་དོན་ན་གསལ་ཞིང་། དེར་ཅུང་མི་གསལ་བ་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུའི་ཆོས་འབྱུང་དུ་གསལ་བ་ནི། སློབ་དཔོན་ཙནྡྲ་གོ་མིས་ནི་ཤར་ཕྱོགས་ཝ་རནྡྲར་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བའི་པཎྜི་ཏ་ཞིག་མུ་སྟེགས་རྒྱང་འཕེན་པའི་སྟོན་པ་ཞིག་དང་རྩོད་པར་གྱུར་ཏེ། དེའི་རིང་ལུགས་སུན་ཕྱུང་ཡང་རིག་པ་ནི་བློས་རྣམ་པར་བརྟགས་པ་ཡིན་པས། གང་བློ་སྒྲིམས་པ་དེ་རྒྱལ་བར་ཟད་ཀྱིས། སྐྱེ་བ་སྔ་ཕྱི་ཡོད་པའི་རྟགས་མངོད་སུམ་དུ་