R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༦༣
[A:༢༦༣]ཀ་གྱིས་ཞེས་བཀས་བསྐུལ་བས། །དུས་བཟང་བརྒྱད་ལ་གཞན་ལ་མི་སྟོན་པར། །རང་ཉིད་བསླབ་པའི་སྦྱོར་ལ་བརྩོན་པས་ན། །ཉན་པོ་གཞན་གྱིས་དུས་བཟང་བསྲུང་དགོས་ཤར། ཞེས་གསུངས་ཏེ། འདི་དག་གི་ལོ་རྒྱུས་རྒྱས་པར་ནི་སྤྱི་དོན་དུ་གསལ་ཞིང་། སརྦ་ཛྙཱ་ཞེས་པའི་སྒྲ་མཁན་ཅིག་གིས་ལྷའི་དབང་པོ་ལ་བསླབས་ཞེས་པའི་སརྦ་ཛྙཱ་ནི་ཚངས་པའི་མིང་ཡིན་ལ། འདི་དག་ནི་ཕྱི་རོལ་པས་མཆོད་པའི་ལྷ་ཡིན་ཞིང་། དེས་བཤད་པའི་སྒྲ་རིག་རྣམས་ཀྱང་ཕྱི་རོལ་པའི་ལུགས་ཡིན་མོད། གང་ཟག་དང་བསྟན་བཅོས་དེ་དག་ངན་པར་ནི་མི་བལྟ་སྟེ། ཚངས་པ་ལ་སོགས་པ་དེ་དག་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དུ་མདོ་སྡེ་ཟ་མ་ཏོག་བཀོད་པ་ལས་གསུངས་པའི་ཕྱིར། ཇི་སྐད་དུ། མདོ་དེ་ཉིད་ལས། བསྐལ་པ་བཟང་པོ་འདི་འདས་པའི་སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ན། སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིགས་མ་ལྔ་དང་ལྡན་པའི་སེམས་ཅན་རྣམས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཆ་བྱད་ཀྱིས་མི་འདུལ་བར། ཕྱི་རོལ་པའི་ལྷའི་གཟུགས་དང་རྟགས་དང་མཚན་མས་འདུལ་བར་མཁྱེན་ནས། ལྷ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། ཚངས་པ་ཕྲག་པ་ནས་བྱུང་། དབང་ཕྱུག་དཔྲལ་བ་ནས་བྱུང་། ཉི་མ་སྤྱན་གཡས་ནས་བྱུང་། ཟླ་བ་སྤྱན་གཡོན་ནས་བྱུང་། ཆུ་ལྷ་ལྟོ་བ་ནས་བྱུང་། དབྱངས་ཅན་མ་ཞལ་གྱི་ལྕེ་རྩེ་ལས་ཕྱུང་ངོ་། །ཞེས་གསུངས་པ་ཡིན་ནོ། ། བཞི་པ་རྒྱ་གར་དུ་དར་ཚུལ་ལ་གསུམ་སྟེ། པཱ་ཎི་བྱཱ་ཀ་ར་ཎ་བྱུང་ཚུལ། ཙནྡྲ་ཀ་ར་ཎ་བྱུང་ཚུལ། ཀ་ལཱ་པ་བྱཱ་ཀ་ར་ཎ་བྱུང་ཚུལ་ལོ། །