R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༠༧
[A:༢༠༧]གཉིས་ཀྱི་ རྣམ་གཞག་ཕྲ་ཞིང་ཞིབ་པའི་བློ་གྲོས་ཀྱི་སྒོ་ཕྱེ་སྟེ། དགེ་བའི་བཤེས་གཉེན་བསོད་ནམས་སྐྱབས་དང་། མཁས་གྲུབ་དགེ་ལེགས་དཔལ་སོགས་རིགས་པས་ཕམ་པར་བྱས་སོ། ཞེས་གྲགས་སོ༎ དེས་ན་བྱང་མདོག་གི་ཕོ་བྲང་དུ་ཏའི་སི་ཏུ་རྣམ་རྒྱལ་གྲགས་པས་མཐུན་པའི་རྐྱེན་སྦྱར་ཏེ་ཀུན་མཁྱེན་རོང་སྟོན་ཆེན་པོ་སློབ་བུའི་ཚོགས་དང་བཅས་པ་ལ་འབེལ་བའི་གཏམ་ཆེན་པོ་གླེང་། གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་ཁྲི་ཕྲག་གཅིག་གི་ཞལ་ཕྱེ་བར་ཞལ་གྱིས་འཆེས་ཤིང་། འཇམ་དབྱངས་ཀྱི་དཀྱིལ་འཁོར་དྲུག་ཅུའི་རྣམ་གྲངས་ལེགས་པར་བགྲངས་ཤིང་། འཕགས་ཡུལ་དུ་བྱོན་པའི་ཐལ་རང་གི་སྐྱེས་ཆེན་འདྲེན་རེས་བགྱིས་པ་ན། རོང་སྟོན་ཆེན་པོས་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། ཞི་འཚོ། ཀ་མ་ལ་ཤཱི་ལཀཱ་ལ་མ་ཤི་ལ ཏེ་ལྔ་ལས་བགྲང་མ་བཟོད་པ་ལ། པན་ཆེན་ཉིད་ཀྱིས་ཉི་ཤུ་རྩ་ལྔ་ཙམ་ཞིག་ཐལ་བྱུང་དུ་བགྲངས་པ་སོགས་ཀྱི་སྒོ་ནས་ཕ་རོལ་ཟིན་གྱིས་མནན་ཏོ་ཞེས་གྲགས་སོ༎ གཉིས་པ་རྩོམ་པ་ནི། ཡི་དམ་གྱི་ལྷ་དཔལ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཕག་མོ་ལ་སོགས་པས་མངོན་སུམ་དུ་གནང་བ་སྩལ་ཞིང་། དཔལ་དེ་ཉིད་འདུས་པ་ལ་རྩོམས་ཤིག་ཅེས་གནང་བ་ནོད་པ་དང་། མཚན་གྱི་འོད་གསལ་ཆེན་པོ་ལས། དཔལ་ས་སྐྱ་པ་ཆེན་པོ་གྲགས་པ་རྒྱལ་མཚན་དང་། བུ་སྟོན་ཐམས་ཅད་མཁྱེན་པ་དང་། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལ་སོགས་པས་ཀྱང་དེ་ལྟར་གནང་བ་སྩལ་བ་ལ་བརྟེན། དེ་ཉིད་བསྡུས་པའི་རྒྱ་མཚོ། འཇུག་པའི་སྒོ་བཞི། ལེའུ་ཉི་ཁྲི་ཆིག་སྟོང་། མན་ངག་བདུན་ཁྲི་ཉིས་སྟོང་། ཆོས་ཀྱི་ཚོགས་བརྒྱད་ཁྲི་བཞི་སྟོང་ཡོད་པས་རྒྱས་པ་ལ་གླེགས་བམ་བརྒྱ་དང་བཅུ། འབྲིང་པོ་ལ་ཉི་ཤུ། བསྡུས་པ་ལ་གླེགས་བམ་གཉིས། ཤིན་ཏུ་བསྡུདས་པའི་སྙིང་པོ་ལ་གླེགས་