R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༠༦
[A:༢༠༦] པའི་རྐྱེན་སྦྱར་ཏེ། གཡག་ཕྲུག་སངས་རྒྱས་དཔལ་དང་རྩོད་པའི་ཚེ། བཀའ་བསྟན་བཅོས་ཀྱི་གཞུང་ཕལ་ཆེ་བ། རྒོལ་ཕྱི་རྒོལ་གཉིས་ཆར་གྱི་མགྲིན་པ་ནས་ཐོགས་མེད་དུ་སྒྲོགས་ཤིང་། ཕས་ཀྱི་རྒོལ་བ་གཡག་ཕྲུག་སངས་རྒྱས་དཔལ་དང་ཆེན་པོའི་སྤོབས་པ་སྒྲུབ་པ་ལ། རྒོལ་བ་དེ་ཉིད་ཀྱི་ཡི་དམ་ལྷ་རྗེ་བཙུན་མི་གཡོ་བ་མངོན་སུམ་དུ་བྱོན་པ་པན་ཆེན་ཉིད་ཀྱིས་ཀྱང་ཞལ་གཟིགས། དེའི་ཚེ་ལྷ་གཅིག་མ་ངོ་ལོག། སོད་ཅིག་མ་མགོ་མ་ཐོན། གདོང་གང་བོ་རྩོད་པ་ཕམ་ཞེས་གྲགས་སོ་ཞེས་ཟེར་མོད། དོན་དུ་ན་རྗེ་བཙུན་མི་གཡོ་བ་མངོན་སུམ་དུ་བྱོན་པ་ན། རྒོལ་བ་གཉིས་ཆར་གྱི་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་ཡིན་ཞིང་། རྩོད་པའི་ངག་ལ་ཡང་། རང་རང་གི་གདུལ་བྱའི་སྣང་ངོར་ཕམ་རྒྱལ་གྱི་སྣང་ངོ་ཙམ་ལས། ཕས་རྒོལ་གྱི་རྒོལ་བ་ཉིད་གཤིས་ལ་ཕམ་པར་རིགས་པ་ག་ལ་ཡིན་ཏེ། དཔེར་ན་དེའི་ཚེ་མཁན་ཆེན་གཡག་པས་སེམས་ཅན་སངས་རྒྱ་ངེས་ཡིན། རྒྱས་པ་མི་སྲིད་ཅེས་ཁས་བླངས་པ་ལ། པན་ཆེན་པས་ས་བོན་ལས་མྱུ་གུ་སྐྱེ། སྐྱེས་པ་མི་སྲིད་པར་ཐལ། དམ་བཅའ་དེ་ཡིན་པའི་ཕྱིར་ཞེས་པ་ལ་སོགས་པ་ལ་ལན་མ་བྱུང་ཞེས་སྒྲོགས་མོད། ཡང་དག་པར་ན་དེ་གཉིས་མཚུངས་པའི་གོ་སྐབས་ག་ལ་ཡོད་དེ། སེམས་ཅན་སངས་རྒྱས་པ་མེད་པར་ཁས་བླངས་ཀྱི་སེམས་ཅན་ལས་སངས་རྒྱས་བྱུང་བ་མེད་པར་ཁས་མ་བླངས་པའི་ཕྱིར་རོ། ས་བོན་མྱུ་གུར་སོང་བ་མེད་པར་ཁས་ལེན་གྱི་ས་བོན་ལས་མྱུ་གུ་སྐྱེ་བ་མེད་པར་ཁས་བླངས་མི་དགོས་པའི་ཕྱིར་རོ། དེ་ནས་བྱང་ངམ་རིངས་སུ་བདག་ཆེན་འཇམ་དབྱངས་ནམ་མཁའ་རིན་ཆེན་པས་མཐུན་པའི་རྐྱེན་སྦྱར་ཏེ་དཔལ་ངམ་རིངས་ཀྱི་བཤེས་གཉེན་དག་ལ་འབེལ་བའི་གཏམ་གྱི་སྒོ་ཕྱེ། དོན་དམ་དོན་བྱེད་ནུས་པ་གང་༎ ཞེས་པའི་གཞུང་ལ་གྲུབ་མཐའ་རྣམ་བཞིའི་བདེན་