R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༤༦
[A:༡༤༦] ཟབ་ཆོས་ཐམས་ཅད། ཆོས་སྒོ་སྐྱེལ་དུ་བྱོན་པའི་སྒོ་ནས་ལེགས་པར་ནོད་དེ་ས་པནྜི་ཏ་ཞེས་སྙན་པར་གྲགས། པན་ཆེན་དབུས་ནས་འཁོར་རྗེས་དེ་ཉིད་ཀྱིས་ཉི་ཤུ་རྩ་བདུན་བཞེས་པའི་ས་ཕོ་འབྲུག་གི་ལོ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་བཞེངས་པའི་ཉང་སྨད་རྒྱན་གོང་གི་གཙུག་ལག་ཁང་དུ། ཁ་ཆེ་པན་ཆེན་གྱིས་མཁན་པོ། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ཀྱིས་ལས་སློབ། དོན་མོ་རི་པས་གསང་སྟོན་བགྱིས་ཏེ་བསྙེན་པར་རྫོགས། ས་པན་འདི་ཉིད་སྐུ་བལྟམས་པའི་ལོར་རྗེ་བཙུན་རྩེ་མོ་འཇའ་ལུས་སུ་གཤེགས་པས་ཞལ་གྱི་བདུད་རྩི་དངོས་སུ་མ་ཐོབ་ཀྱང་། རང་ལོ་སོ་ལྔ་པའི་བར་དུ་གྲགས་པའི་འཆི་མེད་བདུད་རྩི་ངོམས་པར་གསོལ། ཁྱད་པར་ལམ་བཟབ་མོ་བླ་མའི་རྣལ་འབྱོར་གྱི་སྒོ་ནས་ཕྱི་ནང་གི་རྟེན་འབྲེལ་གྱི་གནད་རང་སར་འགྲིག་སྟེ་ས་དང་པོའི་ཡོན་ཏན་མཆོག་ཏུ་བསྙེས། ཉིད་ཀྱི་སོ་གསུམ་པ་ལ་ཁ་ཆེ་པན་ཆེན་སླར་ཁ་ཆེར་བཞུད། སོ་ལྔ་པ་ལ་རྗེ་བཙུན་ཆེན་པོ་བདེ་བ་ཅན་དུ་གཤེགས། རྗེ་ས་པན་སོ་ལྔ་པའི་ཚེ་གྲགས་པ་གཤེགས་དུས་བསྟན་རྩིས་མཛད་པ་ན་སོ་ལྔ་པ་མེ་ཁྱི་ཡན་ལ་སུམ་སྟོང་སུམ་བརྒྱ་དང་ལྔ་བཅུ་སོང་བས་སླན་ཆད་ཀྱང་དེ་བཞིན་རྩི་བར་བྱའོ། ཞེས་འདི་པ་ལྟར་གྱི་རྩིས་ཁྲུལ་མེད་པ་འདི་ཡིན་ནོ། སོ་བརྒྱད་པ་ཙམ་གྱི་ཚེ། རྒྱ་བོད་ཀྱི་ངག་རྟོག་གི་བྲག་རི་འཇོམས་པར་བྱེད་པའི་ཚད་མའི་བསྟན་བཅོས་རིགས་པའི་གཏེར་ཞེས་གྲགས་པ་དེ་བརྩམས། ལྔ་བཅུ་རྩ་གཅིག་ཙམ་གྱི་ཚེ་ལེགས་བཤད་ཀྱི་སྦྲང་རྩི་སྤེལ་བའི་དགའ་སྟོན། བསྟན་པའི་པད་ཚལ་རྒྱས་པར་བྱེད་པའི་སྡོམ་གསུམ་རབ་དབྱེའི་ཉིན་བྱེད་ཀྱང་ཤར། ལྔ་བཅུ་རྩ་དགུ་པའི་ཚེ་འཕགས་པ་ཝ་ཏིའི་དྲིའི་གཙང་ཁང་དང་འདབས་འབྱོར་བའི་དཔལ་