R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༤༧
[A:༡༤༧]གྱི་གནས་སུ། རྒྱ་གར་ལྷོ་ཕྱོགས་ཀྱི་འཕྲོག་བྱེད་དགའ་བོ་ལ་སོགས་པའི་ཕས་ཀྱི་རྒོལ་བ་ངན་པ་དྲུག་ལུང་རིགས་ཀྱིས་ཚར་བཅད་དེ་རྒྱལ་བའི་བསྟན་པ་ལ་བཅུག། གང་གི་སྙན་པའི་རྔ་སྒྲ་གངས་རིའི་ལྗོངས་འདིར་མ་ཤོངས་ཏེ། རྒྱ་དཀར་ནག་དང་ཧོར་བལ་གྱི་ལྗོངས་ཐམས་ཅད་ཀྱང་གང་བར་བྱས། དྲུག་ཅུ་རྩ་གསུམ་པའི་ཚེ། སྟོབས་ཀྱི་འཁོར་ལོས་བསྒྱུར་བ་རྒྱ་ནག་མཐའི་རྒྱལ་པོ་གོ་དན་གྱིས་བསོད་ནམས་ཀྱི་མགྲོན་དུ་སྤྱན་དྲངས། དྲུག་ཅུ་རྩ་ལྔ་པ་མེ་ཕོ་རྟའི་ལོར་ཕོ་བྲང་ཆེན་པོ་ལིང་ཆུ་རྩེར་གདན་ཕེབས། རྒྱལ་པོས་ཉམས་སད་པའི་ཕྱིར་སྒྱུ་མའི་དྲི་གཙང་ཁང་ཁང་ཕྲན་གྱིས་བསྐོར་བའི་གཙུག་ལག་ཁང་གི་སྒྱུ་འཕྲུལ་གྱི་རྭ་བར་སྤྱན་དྲངས་པའི་ཚེ། ཏིང་ངེ་འཛིན་གྱི་མཐུས་བརྟན་པར་བཞུགས་སུ་གསོལ་ཏེ། བྱང་ཕྱོགས་སྤྲུལ་པའི་སྡེའི་གཙུག་ལག་ཁང་ཞེས་ཕྱོགས་ཀུན་ཏུ་སྙན་པས་གྲགས། སྒྱུ་མའི་མཁན་པོ་ལ་བསླུས་ཆེན་པོ་དེར་བྱུང་། རྒྱལ་པོ་འཁོར་བཅས་དགའ་བདེས་ཡིད་རབ་ཏུ་གསོས། བདུན་ཅུ་པའི་བར་དུ་རྒྱ་ནག་པོའི་ཡུལ་དུ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། ལྕགས་ཕག་སྨལ་ཟླའི་བཅུ་བཞིའི་ཐོ་རངས་སྐུའི་བཀོད་པ་རེ་ཞིག་བསྡུས། སྐུའི་སྐྱེ་བ་ཕྱི་མ་མཁའ་ལ་སྤྱོད་པའི་རིག་པ་འཛིན་པའི་གར་གྱིས་རོལ། དེ་ནས་གཉིས་པའི་ཚེ། ཤར་ཕྱོགས་མུ་མུ་ནིར་རྒྱལ་པོ་ཉི་མ་སྟོབས་འཕེལ་གྱི་སྲས་དམ་པར་གྱུར་ཏེ་ས་ལམ་ཕལ་ཆེར་བགྲོད། དེ་ནས་གསུམ་པའི་ཚེ་མངོན་དགའི་ཞིང་དུ་བདེ་བར་གཤེགས་པ་དྲི་མ་མེད་པའི་དཔལ་ཞེས་བྱ་བའི་སངས་རྒྱས། ལོངས་སྐུའི་ཆ་བྱད་སྐུ་མདོག་གངས་རིའི་མདོག་ཅན་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་རིན་པོ་ཆེའི་རྒྱན་དང་རབ་ཏུ་མཛེས་པའི་གོས་ཀླུབས་པ་དག་པའི་འཁོར་འབུམ་གྱིས་བསྐོར་བའོ།