R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༢༢
[A:༡༢༢] མཛད་དེ། ཕུར་པ་འཕེལ་གྱི་མཆོད་གནས། ཡོལ་མཆེད་གསུམ་ལ་ཕུལ། ཡོལ་གྱིས་སློབ་མ་འབྲེ་ཆེན་ལ་གནང་། འབྲེ་ཆེན་པོའི་ཐུགས་སྲས་དཀོན་མཆོག་མཁར་ལ་གནང་སྟེ། དེ་ཕྱིན་ཆད། ལས་སྟོད་པའི་དབོན་རྒྱུད་ཀྱིས་བདག་མཛད་པའོ། ཆེ་བ་གཉིས་པ། སྔགས་འཆང་གྲུབ་ཐོབ་ཆེན་པོའི་ལུང་བསྟན་གྱི་ཆེ་བ་ནི། རྒྱ་འཇམ་དཔལ་གསང་བ་སྐུ་འདས་ཁར། བུ་སློབ་རྣམས་ཀྱིས་མ་འོངས་པ་ན་གནས་སྙིང་འདི་ཇི་ལྟར་འགྱུར་ཞུས་པས། གོས་ཁ་གང་ཁྱེར་ཤོག་གསུངས། དེ་ལ་ཁོང་གིས་ཞབས་རྗེས་གཉིས་བཞག། ཞབས་རྗེས་ཀྱི་མཐའ་ལ་ཁོང་རང་གི་ལོ་གྲངས་བླ་མའི་སྐུ་འདྲ་གདུགས་ཡོད་པ་སོ་གཉིས། པདྨ་ཡོད་པ་ཉེར་བརྒྱད། གདུགས་དང་པདྨ་མེད་པ་ཉེར་བརྒྱད་དེ་བརྒྱད་ཅུ་རྩ་བརྒྱད་བྱོན། མ་འོངས་པ་ན་གནས་འདིར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་བརྒྱད་ཅུ་རྩ་བརྒྱད་བྱོན་ནས་བསྟན་འགྲོའི་དོན་བྱེད་ཅེས་ལུང་བསྟན་པའོ། ཆེ་བ་གསུམ་པ་པན་ཆེན་དི་པམ་ཀ་རའི་ལུང་བསྟན་རབ་གནས་ཀྱི་ཆེ་བ་ནི། ཇོ་བོ་མངའ་རིས་ནས་ཉན་ཚོར་ཕེབས་པའི་ཚེ། ཡོལ་སྐུ་མཆེད་གསུམ་གྱིས་མཇལ། རབ་ཏུ་དད་པ་ཐོབ། ཇོ་བོས་ཡོལ། སྦ་བཙུན་ལ་གཏད་དེ་རབ་ཏུ་བྱུང་། གཞན་དག་ལ་མ་གནང་བའི་རྟ་མགྲིན་ཤྭ་ན་མ། ཐུགས་རྗེ་ཆེན་པོའི་ཕྱི་ནང་གསང་གསུམ་སྒྲུབ་སྐོར་རྣམས་གནང་། ད་ཉང་ཆུའི་བརྒྱུད་ལ་ཞུགས་ཏེ་གསང་ངོ། ས་པདྨ་འདབ་བརྒྱད་འདྲ་བ། གནམ་འཁོར་ལོ་རྩིབས་བརྒྱད་འདྲ་བར་གནས་ཐོབ་ཅེས་ལུང་བསྟན། ཡོལ་མཆེད་ཀྱིས་ཀྱང་གནས་སྙིང་དུ་བྱོན། ཨ་མེས་ཇོ་སྲས་ཕུར་པ་འཕེལ་ལ་བསམ་གཏན་སྒོམ་པའི་གནས་ཤིག་ཞུས་པས། རི་གདོང་ཕ་གི་ཡོལ་ཙམ་ན་ས་ཕུག་གཅིག་ཡོད་པས་དེར་བཞུགས་ཟེར་ཁུངས་