R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༢༡
[A:༡༢༡]བའི། ཡབ་སྲས་དེ་བཞིས་ཤངས་ཀྱི་གད་ཕུར་དུ་རྙིང་མའི་ཆོས་གསན་དུ་བྱོན་པས། འབྲེ་ཆེན་པོ་ཉང་སྟོད་བྱེ་མདའ་ན་ཆོས་བསྐོར་བའི་སྙན་པས་ཐུགས་འཕྲོག་ཏེ། སྲས་གསུམ་པོ་འབྲེ་ཆེན་པོའི་དྲུང་དུ་རབ་བྱུང་བསྙེན་རྫོགས་བྱས། ཐོས་བསམ་མཐར་ཕྱིན་འབྲེ་ཆེན་པོའི་ཡོན་ཏན་བུམ་པ་གང་བྱོར་ཐུགས་སུ་ཆུད། འདི་ཉིད་ཀྱི་མཁན་རབས་འདེད་པ་ན། མི་བཅུའི་ཚོང་བཙུན་ཤེས་རབ་སེང་གེ། སྦ་བཙུན་བསོད་ནམས་དབང་ཕྱུག། ཡོལ་ཆོས་ཀྱི་དབང་ཕྱུག། འབྲེ་ཆེན་པོ་ཤེས་རབ་འབར། ལས་སྟོད་པ་དཀོན་མཆོག་མཁར་ཞེས་ཟེར་རོ། ལས་སྟོད་པ་ཆེན་པོས་བྱི་ལོ་ནས་ཡོས་ལོའི་བར་ལོ་བརྒྱ་བཞུགས། སྐུ་གཞོན་ནུའི་དུས་སུ་ལོ་ཆེན་རིན་བཟང་ལ་རྒྱུད་འགྲེལ་དང་སྒྲུབ་ཐབས་འགའ་གསན། ཁྱུང་རིན་ཆེན་གྲགས་ལ་ཚད་མ་གསན། ཕྱིས་དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་དུས་འཁོར། རྒྱུད་གསུམ་མན་ངག་དང་བཅས་པ་གསན་ཟེར་བ་ཁོང་རང་གི་གདུང་རབས་ན་འདུག། དེ་ལྟར་ན་ལོ་ཆེན་རིན་བཟང་གིས་དོན་དགུ་བཞེས་པའི་ས་ཕོ་བྱི་བ་ལ། ལས་སྟོད་པ་འདི་བལྟམས་པར་སེམས། འབྲེ་ཆེན་པོའི་གདན་ས་མཛད་དེ། ཚོགས་པ་བརྒྱད་བརྒྱ་རེ་བསྐྱངས་ཟེར། འདིའི་གདུང་རབས་ལ་ཆེ་བ་བཅུའི་ཆེ་བ་དང་པོ་ནི། ས་བདག་ཆོས་སྐྱོང་རྒྱལ་པོའི་འཇའ་སས་ཆེ་བ་ནི། གནས་སྙིང་གི་ཆ་སྟོད་ན་རུ་ལག་ཁང་གསུམ། བར་ན་སྐྱེགས་རུ་གསུམ། སྨད་ན་ཤེའུ་ལུང་གསུམ། འབྲེ་ཁྱུང་རྗེ་འབངས་དང་བཅས་པ་འདི། ཁྲི་རལ་པ་ཅན་གྱིས། རྒྱ་འཇམ་དཔལ་གསང་བ་ལ་འཇའ་སས་བཅད་གནང་། དེ་ནས་དེའི་སྲས་རྒྱ་དཔལ་ཆེན་སྐྱབས། དེའི་སྲས་བདུད་འཇོམས། དེའི་སྲས་ཨ་མེས་ཇོ་སྲས་ཕུར་པ་འཕེལ་ཏེ་གདུང་རབས་གསུམ་གྱི་ངོ་ལའང་བདག་