R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༢༣
[A:༡༢༣]བསྟན། གནས་དེ་ལ་ཨ་མེས་ཡོལ་ཅེས་གྲགས། ཇོ་བོས་ཀྱང་ཉན་ཚོ་ནས་གནས་སྙིང་དུ་མེ་ཏོག་གཏོར་ཏེ་རབ་གནས་མཛད་པའོ། ཆེ་བ་བཞི་པ། ཡོལ་སྐུ་མཆེད་ཀྱི་གྲུབ་རྟགས་ཀྱི་ཆེ་བ་ནི། ཨ་མེས་ཇོ་སྲས་ཕུར་པ་འཕེ་གྱིས། གནས་སྙིང་གི་ས་ཆ་རྣམས་ཡོལ་སྐུ་མཆེད་གསུམ་ལ་ཕུལ། དེ་གསུམ་གྱིས་ཀྱང་དགེ་འདུན་གྱི་སྡེ་བཙུགས། བཤད་སྒྲུབ་ཀྱི་བསྟན་པ་སྤེལ། སྐུ་མཆེད་གསུམ་གྱིས་གྲུབ་རྟགས་མི་འདྲ་བ་རེ་རེ་བསྟན་ཏེ། ཡོལ་ཆོས་དབང་གིས་གོས་ཉི་ཟེར་ལ་བཀལ། ཤམ་བུའི་རྩ་བརྒྱད་གྲོ་ལམ་དུ་འཁྲིད། མཐར་བརྒྱད་སྟོན་པ་འཆད་པའི་མུ་ལ་ཆོས་ཁྲི་ཁར་སྐུ་གཤེགས་ཟེར། ཡོལ་དྲང་སྲོང་གིས་ལྗོན་དམར་གྱི་རྡོ་རྗེ་གཅུས་པས་ཁྲག་བཏོན། ཡོལ་ཐོག་འབེབས་ཀྱིས། བྲག་དཀར་གྱི་རི་སེང་གེ་ཁ་གདངས་པ་ལྟ་བུ། ཨ་མེས་ཡོལ་གྱི་ས་དགྲ་རུ་འགྲོ་བ་ཞིག་ལ། རྟའི་ཟླ་བ་ལ་ཐོག་དགུ་ཕབ། སྙུག་སྐྱང་ལྟར་བསིལ་བའི་ནང་ནས་ཤེལ་གྱི་མཆོད་རྟེན་ཁྲུ་གང་པ་དང་། མི་གང་པ་གཅིག་བྱུང་བ། མི་གང་པ་དེ་ཧོར་གྱིས་ཁྱེར་ནས་ཕོ་བྲང་ཏའི་ཏུའི་གན་ཇི་ར་ལ་ཡོད་ཟེར། ཆུང་བ་དེང་སང་གནས་སྙིང་ཉིད་ན་བཞུགས་པའོ། ཆེ་བ་ལྔ་པ། སྤྱན་རས་གཟིགས་ཀྱི་ལུང་བསྟན་གྱི་ཆེ་བ་ནི། ལས་སྟོད་པ་ཆེན་པོའི་ཡབ་དཔྱིལ་རིན་འབྱུང་གི་རྨི་ལམ་དུ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་མི་དཀར་པོ་ཞིག་བྱུང་ནས། ས་བྱང་ཕྱོགས་བོད་ཀྱི་རྒྱལ་ཁམས་འདི༎ ང་ཐུགས་རྗེ་ཆེན་པོའི་གདུལ་བྱ་ཡིན༎ ཁྱད་པར་ལྷ་ཡི་རྣམ་འཕྲུ་དངོས༎ སྐལ་ལྡན་ཁྱོད་ཀྱི་རྒྱུད་ལ་འཇུག༎ བྱང་ཆུབ་སེམས་དཔའི་གདུང་རྒྱུད་གཟུང་༎ ཞེས་གསུངས་ནས་མི་དཀར་པོ་དེ་རང་ལ་ཐིམ་སྟེ་བྱིན་གྱིས་བརླབས་པའོ། ཆེ་བ་དྲུག་པ། ཕྱག་དྲུག་དགོན་པོའི་བཀའ་བབས་ཀྱི་ཆེ་བ་ནི།