R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༢༠
[A:༡༢༠]གུའི་ཨབ་ཆོས་སྤེལ་བ་ནི། ཁོང་རང་གི་སྐུ་ཚེའི་སྨད་ལ་བྱུང་བར་གསལ་བས་སོ། དེ་ཉིད་ལ་སློབ་མ་མཆོག། ལས་སྟོད་པ་དཀོན་མཆོག་མཁར་དང་། རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས་སོགས་ཁྲི་སོ་བརྒྱད་ཡོད་པར་གྲགས། རྔོག་ལོ་ཆེན་པོའི་ཐུགས་སྲས་དེ་དག་ལས་གཙོ་བོར་ཕར་ཕྱིན་གྱི་བསྟན་པ་སྤེལ་བ་ལ་འབྲེ་ཆེན་པོ་སློབ་རྒྱུད་དང་བཅས་པ་དང་། གཙོ་བོར་ཚད་མའི་བསྟན་པ་སྤེ་བ་ལ་གྲོ་ལུང་པ་དང་ཁྱུང་གི་སློབ་རྒྱུད་རྣམས་བཀའ་དྲིན་ཆེ་བར་བྱུང་འདུག་པ་ལས། འབྲེ་ཆེན་པོ་ཤེས་རབ་འབར་ནི། འཁྲུངས་ཡུལ་ཉང་སྟོད་གཙང་པོ་ནང་པ་ཡིན་ལ་སྐུ་གཞོན་ནུ་ནས། ཡོལ་ཆོས་དབང་ལས་རབ་ཏུ་བྱུང་སྟེ་གསན་པ་མང་དུ་མཛད། དེ་ཉིད་བླ་མའི་མཆོག་ཏུ་གྱུར་ཏེ་གདམས་པས་བསྐྱངས། གཞན་ཡང་པན་ཆེན་འབུམ་ཕྲག་གསུམ་པ་དང་། རྔོག་ལོ་ཆེན་པོ་སོགས་བསྟེན་ཏེ་ཐུགས་ཀྱི་སྲས་སུ་གྱུར། སློབ་མ་གྲྭ་པ་དཔེ་འགྲེམས་སྟོང་ཕྲག་རེ་བྱུང་བའི་ནང་ནས། མཆོག་ཏུ་གྱུར་པ། ལས་སྟོད་པ་དཀོན་མཆོག་མཁར། ཨར་བྱང་ཆུབ་ཡེ་ཤེས་ཁྱུང་རིན་ཆེན་གྲགས། སྙལ་པ་སྲེགས་སྟོན། མངོན་པ་བྱང་གྲགས། རྒྱ་འདུལ་བརྩོན་འགྲུས་འབར་དང་དྲུག་གོ། དང་པོ་ལས་སྟོད་པ་ཆེན་པོ། ཆེ་བ་བཅུ་དང་ལྡན་པའི་གནས་སྙིང་པ་ཞེས་གྲགས་པའི་གདུང་རྒྱུད་དུ་སྐུ་བལྟམས་ཏེ། དེ་ཡང་ལས་སྟོད་བྱང་གཅུང་དུ་གྲགས་པའི་ཐུབ་མདོར། སྔགས་འཆང་དཔྱིད་རྒྱལ་བ་གྲུབ་པ། དེའི་སྲས་བཀྲ་ཤིས་རྒྱལ་མཚན། དེའི་སྲས་རྡོ་རྗེ་རྒྱལ་མཚན། དེའི་སྲས་ཐུགས་རྗེ་རིན་ཆེན། དེའི་སྲས་དཔྱིལ་རིན་ཆེན་འབྱུང་གནས། དེའི་ཇོ་མོ་ཆུང་བ་ལ། སྲས་དཀོན་མཆོག་མཁར། དཀོན་སེང་། དཀོན་སྤྲིན་གསུམ་བྱུང་