R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༡༤
[A:༡༡༤] ལོ་ཆེན་འདི། བཀའ་གདམས་པའི་ཀརྨ་པ་ཤེར་འོད་དང་དགུང་མཉམ། གླང་ཤར་གཉིས་ཀྱི་གླང་ཐང་པ་ལས་ལོ་གསུམ་གྱིས་གཞོན། ཤ་ར་བ་ལས་ལོ་བཅུ་གསུམ་གྱིས་བགྲེས། ཐུགས་སྲས་སྐུ་མཆེད་གསུམ་གྱི་པོ་ཏོ་བ་ལས་ལོ་བཅུ་བཞིས་གཞོན། བཀའ་བརྒྱུད་པའི་རྗེ་མི་ལ་ལས་ལོ་བཅུ་བདུན་གྱིས་གཞོན། དྭགས་པོ་པ་ལས་ཉེར་གསུམ་གྱི་བགྲེས། རས་ཆུང་པ་ལས་ཉེར་བརྒྱད་ཀྱིས་བགྲེས། ལམ་འབྲས་པའི་བླ་མ་སེ་མཁར་ཆུང་པ་ལས་སོ་གཉིས་ཀྱིས་གཞོན། ཞང་སྟོན་ཆོས་འབར་ལས་ལོ་བཞིས་གཞོན། དཔལ་ལྡན་ས་སྐྱ་པ་ཆེན་པོ་ལས་ལོ་སུམ་ཅུ་རྩ་ལྔས་བགྲེས་པ་ཡིན་ནོ། ཞེས་བཤད་པར་བྱའོ། མ་གཅིག་ཞ་མ་ཆུ་ཕོ་སྟག་ལོ་མ་སྟེ་
སྤྱི་ལོ་༡༠༦༢
ལོ་ཆེན་ལས་དྲུག་གིས་གཞོན། རྗེ་མཁན་བུ་ས་མོ་བྱ་ལོ་པ་སྟེ་མ་གཅིག་ལས་ལོ་བདུན་གྱིས་གཞོན་ནོ། གཞན་འདི་དང་སྐུ་བགྲེས་གཞོན་གྱི་རིམ་པ་ཅུང་ཟད་མ་གཏོགས་ཐོག་མཚུངས་ཙམ་དུ་བྱོན་པ་ལ། པུ་རངས་ལོ་ཆུང་གྲགས་མཆོག་ཤེས་རབ། དེའི་སློབ་མ་དམར་ཆོས་རྒྱལ་མཚན། དམར་དོ་པ་ཆོས་ཀྱི་དབང་ཕྱུག། མལ་གྱོ་བློ་གྲོས་གྲགས་འདི་རྣམས་སྐུ་ངོ་མན་ཆད་ལ་དཔལ་འཁོར་ལོ་བདེ་མཆོག་གི་རྒྱུད་བཤད། མན་ངག་གི་ཟབ་ཆོས་དར། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ནས་གཤིན་རྗེ་གཤེད་ནག་པོའི་རྒྱུད་མན་ངག་དར། མཉན་ལོ་ཙཱ་བ་དར་མ་གྲགས་དང་། གནས་ཁའུ་པ་ནས་གསང་འདུས་ཡེ་ཤེས་ཞབས་ཀྱི་རྒྱུད་མན་ངག་དར། ལོ་ཙཱ་བ་བཙན་ཁ་བོ་ཆེ་ནས་བྱམས་ཆོས་ཀྱི་མན་ངག་དར། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱང་། ཤ་ར་བས་ཁོང་ལ་སློབ་མ་ཕུལ་ནས་དབུ་མའི་འཆད་ཉན་མཛད་པས། སློབ་མ་ཚིག་ལ་མཁས་པ་གངས་པོ། དོན་ལ་མཁས་པ་གཙང་པ་ས་པ། ཚིག་དོན་གཉིས་ཀ་ལ་མཁས་པ་རྨ་བྱ་བྱང་ཆུབ་ཡེ་ཤེས། གཉིས་ཀ་ལ་མི་མཁས་པ་ཞང་ཐང་ཟག་པ་སྟེ་བཞི་བྱུང་ཞིང་དབུ་མ་དར།