R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༡༣
[A:༡༡༣]པའི་སློབ་མའི་གྲངས་ནི། མཁས་བཙུན་གྲངས་རིམ་པ་བཞིན་ནས། ཁྲི་སོ་གཉིས་དང་སུམ་སྟོང་དང་ཞེས་པ་ལྟར་ཡིན་ལ། ཟུར་ཆོས་པའི་གྲངས་ཀྱང་། རྒྱན་དང་ཆོས་མཆོག་འཆད་མཁན་ལྔ་བཅུ། རྣམ་ངེས་འཆད་པོ་ཉིས་བརྒྱ་དང་བརྒྱད་ཅུ། ལུང་ཆོས་སྨྲ་བ་སྟོང་དང་བརྒྱད་བརྒྱ་སྟེ། ཆོས་སྨྲ་བ་ཉིས་སྟོང་བརྒྱ་སུམ་ཅུ་ཙམ་ཞིག་བྱུང་བར་གྲགས། དེ་རྣམས་ཀྱི་ནང་ནས་ཞང་ཚེས་སྤོང་བ་ཆོས་ཀྱི་བླ་མ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབྲི་(འབྲེ) ཤེས་རབ་འབར་དང་བཞི་ལ་ཐུགས་ཀྱི་སྲས་བཞི་ཟེར། ལོ་ཆེན་འདིས་དགུང་ལོ་བཅོ་བརྒྱད་པ་ལ་ཁ་ཆེར་བྱོན་པའི་ཚེ། གྲ་པ་མངོན་ཤེས་ཀྱི་མཁན་བུ་བཙན་ཁ་བོ་ཆེས་ཀྱང་བྱོན་ཏེ། ཁོང་གཉིས་ཆར་གྱི་བྱམས་ཆོས་གསན་པའི་བླ་མ་སཛྫ་ནར་གཅིག་ཀྱང་། བྱིན་རླབས་ཀྱི་བཀའ་ཐ་དད་དུ་ བགས་ཏེ་རྔོག་ལོ་ཆེན་པོ་ལ་ཤེས་རབ་ཀྱི་བཀའ་བབས། བཙན་ལ་མན་ངག་གི་བཀའ་བབས་ཏེ། བཤད་པ་རྣམས་ཉམས་ལེན་ཁོ་ན་དང་སྦྱར་བའི་བཙན་ནས་བརྒྱུད་པའི་བྱམས་ཆོས་ཀྱི་ཉམས་ཁྲིད་ཅེས་ཀྱང་མཁས་པ་དག་ལ་གྲགས་ཤིང་། སྤྱིར་བྱམས་ཆོས་ལྔའི་བརྒྱུད་བླ་དང་ཆོས་ཉིད་རྣམ་འབྱེད་ཀྱིས་དཔེ་རྒྱ་གར་དུ་ཡང་བར་སྐབས་སུ་ནུབ་ནས་མེད་པ་ལ། མཻ་ཏྲི་པས་མཆོད་རྟེན་གྱི་ཁོང་གསེང་ནས་འོད་དང་བཅས་ཏེ་དེ་ཉིད་ཀྱི་དཔེ་རྙེད། སླར་བྱམས་པས་མངོན་སུམ་དུ་གནང་། དེས་པནྜི་ཏ་དགའ་བའི་གྲགས་པ་ལ་གནང་། དེས་བྲམ་ཟེ་སཛྫ་ན་ལ་གནང་། དེས་བཙན་རྔོག་གཉིས་ལ་གནང་སྟེ་ཕྱི་དར་བ་ཡིན་ཟེར། རྔོག་ལོ་ཆེན་པོ་ནི་ང་གཅིག་པ་ལ་བསམ་ཡས་དང་ཉེ་བའི་ལམ་ཞིག་ཏུ་སྐུ་གཤེགས། ཕར་ཚད་ལ་སོགས་པ་མདོ་ཕྱོགས་ཀྱི་བསྟན་པ་ལུང་རིགས་ཀྱི་སྒོ་ནས་འུར་ཕྱིལ་པ་དེ་རྔོག་ལོ་ཙཱ་བའི་དྲིན་ཡིན།