R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༠༦
[A:༡༠༦] ལ་ཕྱིས་རོང་པ་ལ་གདམས་ངག་གསན་ནས་དད་པ་ཐོབ་པས་རོང་པའི་བུ་བཞི་ཟེར། བྱ་འདུལ་འཛིན་གྱི་སློབ་མ་ནི་སེང་གེའི་མཐའ་ཅན་བཞི་སྟེ། རྩིས་འདུལ་འཛིན་གཞོན་ནུ་སེང་གེ། རྣལ་འབྱོར་བྱང་སེང་། རྗེ་མོ་ཆོས་སེང་། ཀ་བ་སྟོན་སེང་ངོ། རྣལ་འབྱོར་ཆེན་པོ་ནི། ཤིང་མོ་ཡོས་ལོ་པ་སྟེ་རང་ལོ་ཞེ་གཅིག་པ་ལ་ཉན་ཚོར་ཇོ་བོ་དང་མཇལ། ཇོ་བོའི་ཉེ་གནས་མཛད། ལན་གཅིག་ཉེ་གནས་མི་བྱེད་པར་གསོལ་བས། འབྲོམ་གྱིས་ཨ་མེས་མི་སྤྲོ་ན། མི་བྱེད་དུ་ཆུག་མཛོད་ཞུས་པས། ཇོ་བོས་ངེད་རྒྱ་གར་ན་ལམ་སྒྲུབ་པ་ལ་གྲོགས་རྣལ་མ་གཅིག་དགོས་ཏེ་ཕོ་ཉ་མོ་ཞེས་བྱ་བ་དབང་དུ་བྱེད་པའི་ལས་སྒྲུབ་ནས་བཀུག་དགོས་པ་ཡིན། འདི་ཡང་ཕོ་ཉ་ཨོས་བཀུག་དགོས་པའི་ཚོད་ཡིན། ང་རྒྱ་གར་ཤར་ཕྱོགས་སུ་སྐྱེས་པ་དང་། ཨ་མེས་མདོ་ཁམས་སུ་སྐྱེས་པ་གཉིས་སྔོན་གྱི་འབྲེལ་བས་ཕྲད་པ་ཡིན། ད་ང་མགོ་བོ་འདི་ལྟར་སོང་བ་གཅིག་འཇོག་ཕོད་དམ་གསུངས་པས། ཨ་མེས་སྤྱན་ཆབ་ཕྲུལ་མཛད་ནས། འོ་ན་ཇི་སྲིད་བཞུགས་ཀྱི་བར་ཉེ་གནས་བགྱི་བའི་ཚུལ་གསུངས། ཇོ་བོའི་ཞལ་ནས་ཨུ་པ་ས་ག་(སི་ཀ) ཁྱོད་བོད་དག་རེ་དགའ། འདི་འདྲའི་བསམ་པ་བཟང་པོ་ཡོད་པ་གསུང་སྐད། རྣལ་འབྱོར་པའི་དགོངས་པ་ལ་ལན་གཅིག་བླ་མའི་ཞབས་ཏོག་ཁོ་ན་ལས་སྒོམ་པའི་ལོང་སྐབས་མེད་སྙམ་པའི་ཚེ་ཇོ་བོའི་ཞལ་ནས་ལུས་ངག་ཡིད་གསུམ་བླ་མའི་ཞབས་ཏོག་ཏུ་བཀོལ་ན་སྒོམ་པའི་དམིགས་པ་ཙམ་མི་དགོས་གསུངས་ཏེ་སྒོམ་ཡང་རྣལ་འབྱོར་པ་ལས་བཟང་བ་མ་བྱུང་། འབྲོམ་གྱི་རྗེས་སུ་རྭ་སྒྲེང་གི་གདན་ས་མཛད།