R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༠༧
[A:༡༠༧] སློབ་མའི་མཆོག་མང་ར་བརྩོན་འགྲུས་འབར་དང་། མཐའ་བཞི་བརྩོན་འགྲུས་འབར་གཉིས་སོ། དགོན་པ་བ་འཛང་དབང་ཕྱུག་རྒྱལ་མཚན་ནི་མེ་མོ་འབྲུག་ལོ་པ་སྟེ། རྣལ་འབྱོར་པ་ཆེན་པོ་ལས་ལོ་གཅིག་གིས་གཞོན། བྷི་བཅུ་པ་ལ་ཇོ་བོ་དང་མཇལ། རྣལ་འབྱོར་པ་ཆེན་པོའི་རྗེས་ནས་རྭ་སྒྲེང་གི་གདན་ས་མཛད། སློབ་མའི་མཆོག་ཀཱ་མ་ལ་ཤེས་རབ་འོད་ཟེར་དང་། སྣེའུ་ཟུར་པ་ཡེ་ཤེས་འབར་གཉིས་སོ། དགོན་པ་བ་ནས་སྣེའུ་ཟུར་པ་ལ་བརྒྱུད་པའི་མན་ངག་ལ་བཀའ་གདམས་གདམས་ངག་ཏུ་བཞེད་པ་དེ་ལྟར་ན། གདམས་ངག་དེ། ཇོ་བོ་ནས་དགོན་པ་བ་ལ་དངོས་སུ་བཀའ་བབས་པ་ཞིག་གམ། འབྲོམ་ནས་དགོན་པ་བ་ལ་བཀའ་བབས་གང་ཞིག་ཅེས་བརྟག་དགོས་སོ། དེ་ལྟར་བརྟག་པའི་ཚེ་ཇོ་བོ་ནས་དགོན་པ་བ་ལ་བརྒྱུད་པའི་འཁོར་བ་འཇུག་ལྡོག་ནས་བརྩམས་པའི་ལམ་རིམ་དང་། འབྲོམ་ལ་བརྒྱུད་པའི་དལ་འབྱོར་རྙེད་དཀའ་ནས་བརྩམས་པའི་ལམ་རིམ་གཉིས་པ་འདི། བཀའ་གདམས་གདམས་ངག་ལུགས་གཉིས་དང་། ཞེས་པའི་གདམས་ངག་ལུགས་གཉིས་ཡིན་པས་འབྲོམ་ནས་བརྒྱུད་པ་ལ་ཡང་གཞུང་གདམས་ངག་གཉིས་ཆར་ཚང་སྟེ་འཁྲུལ་པ་མེད་དོ། དེ་དག་ལས་སྣེའུ་ཟུར་པ་ནི་ཆུ་ཕོ་རྟ་ལོ་པ་སྟེ། པུ་ཏོ་བ་ལས་ལོ་གཅིག་གིས་བགྲེས། ཀ་མ་པ་ནི་དེ་ནས་ལོ་སྐོར་གཅིག་འདས་པ་མེ་མོ་བྱ་ལོ་པ་སྟེ། རྔོག་ལོ་ཆེན་པོ་དང་སྐྱེས་ལོ་གཅིག་གོ། དེ་ལྟ་བུའི་བཀའ་གདམས་ཀྱི་བཤེས་གཉེན་རེ་རེས་ཀྱང་ཚོགས་པ་བརྒྱ་སྟོང་གི་བར་དུ་བསྐྱངས་པས་གྲངས་ཙམ་གྱིས་ཀྱང་གངས་ཅན་གྱི་ཀླུང་ཤོད་ཐམས་