R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༠༡
[A:༡༠༡]ཏེ། ལོ་ཙཱ་བ་ཆེན་པོ་འདི་རྣམས་ཀྱི་དོན་སྟན་ཐོག་ཅིག་ཏུ་ཉམས་སུ་ལེན་ན་ཇི་ལྟར་བགྱིད་གསུངས་པས། སོ་སོའི་སྒྲུབ་ཐབས་ནས་བཤད་པ་བཞིན་བྱེད་པ་ལགས་མོད་ཞུས་པས། ལོ་ཙཱ་བ་རྟུལ་ང་བོད་དུ་ཡོང་དགོས་པ་འདུག། ཐབས་གཅིག་གི་སྟེང་དུ་ཐབས་ཐམས་ཅད་མ་ཚང་བ་མེད་པར་ཉམས་སུ་བླངས་ཆོག་གསུངས་པ་ལ། ཕྱིས་ཀྱི་མཁས་གྲུབ་རྗེ་སོགས། བུ་སྟོན་གྱི་གསུང་ལས་དེ་ལྟར་བདེན་ན་ལོ་ཙཱ་བ་མ་རྟུལ་ཇོ་བོ་རྟུལ་གསུང་བ་ལྟར་ཡིན་པས་གཏམ་བྱ་དེ་ནི་ལམ་ཡིག་གི་མ་དག་པ་ཡིན་ཏེ། དེ་ལྟར་མིན་ན། ལྷ་བཙུན་པས་བདག་ལྷ་སྤྱན་རས་གཟིགས་དང་རྒྱུད་གསང་བ་འདུས་པ་མོས་པས་དེ་དང་སྒོ་བསྟུན་པའི་ཉམས་ལེན་གཅིག་ཞུ་གསོལ་བ་ལ། སྤྱན་རས་གཟིགས་སྒོམས་ལ་གསང་འདུས་བསྟིམ་ནས་མ་ནི་བསྒྲོངས་ཞེས་གསུང་བར་རིགས་པ་ལས། གསང་འདུས་ནས་བཤད་པའི་སྤྱན་རས་གཟིགས་ལ་གཙོ་བོ་འཕོ་བའི་སྒྲུབ་ཐབས་ཡེ་ཤེས་ཞབས་ལུགས་པ་ཇི་ལྟར་བཞེད་པ་ལྟར་གནང་བའི་ཕྱིར་གསུངས་ཡོད། ཁོ་བོ་ནི་ཇོ་བོ་དང་། ལོ་ཙཱ་བ་གཉིས་ཀའི་གསུང་ལ་གནད་ཀྱི་སྙིང་པོ་ལེན་པར་ཤེས་ན་འགལ་བ་མེད་པར་སེམས་སོ། དེ་ལྟ་བུའི་ལོ་ཆེན་དགུང་ལོ་བརྒྱད་ཅུ་རྩ་ལྔ་པ་ཞིག་ཇོ་བོ་རྗེས་སྒྲུབ་པ་ལ་བཙུད། དེ་ནས་གོ་བརྒྱད་གྱི་བར་དུ་སྒྲུབ་པ་གཙོ་བོར་མཛད། ཀླུ་སྐར་རྒྱལ་བཏུལ་བ་སོགས་ཀྱང་། སྒྲུབ་པ་མཛད་རིང་ཡིན་ནམ་བསམ་མོ། དེ་ནས་ཇོ་བོ་རྒྱ་གར་ལ་ཞག་བཞི་ནས་ཕེབས་པར་ཆས་པའི་ཚེ། འབྲོམ་ལོ་སོ་བརྒྱད་པ་ཞིག་གིས་མཇལ། བདག་གི་སྔར་གྱི་ཆོས་ལམ་དུ་ཇི་ལྟར་སོང་ཞེས་པ་སོགས་དྲི་བ་གསུམ་ཞུས། ཁྱོད་ཀྱིས་སྔར་བླ་མའི་ཕྱག་ཕྱི་བགྱིས་པ་ཀུན་ལམ་དུ་སོང་། ད་ཁོ་བོ་ལ་ཡི་དམ་གྱི་ལུང་བསྟན་པའི་སློབ་མ་ཡིན་གསུང་