R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༠༠
[A:༡༠༠] གུང་ཐང་པ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ཕོ་ཉར་མངགས་ཏེ། བོད་གངས་རིའི་ཁྲོད་འདིར་ཉེ་བར་ཕེབས་པའི་རྔོ་ཐོགས་པ་ལགས་སོ། དེ་ཡང་པན་ཆེན་འདི་ཤིང་ཕོ་རྟ་ལ་སྐུ་བལྟམས། ལོ་བདུན་རྒྱལ་ཁབ་ཏུ་བཞུགས། བཅུ་དགུའི་བར་དུ་གཉིས་སྤངས་ཀྱི་སྤྱོད་པ་བསྐྱངས། བཞི་བཅུའི་བར་དུ་མཁས་གྲུབ་ཀྱི་ཡོངས་འཛིན་བསྟེན། དྲུག་ཅུའི་བར་དུ་རྒྱ་གར་ཆོས་བཞིན་བསྐྱངས། རེ་གཅིག་པ་ཤིང་ཕོ་རྟ་ལོར་སྟོད་མངའ་རིས་སུ་བྱོན་ལོ་གཅིག་བཞུགས། ཤར་ལམ་གཙང་ཕྱོགས་སུ་ལོ་གཉིས་བཞུགས། དབུས་སུ་ལོ་བཅུ་བཞུགས་ཏེ་དོན་གཉིས་པ་མེ་ཕོ་རྟའི་དབྱུག་ཟླའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་ནས་དགའ་ལྡན་དུ་གཤེགས་སོ། འོ་ན་ཇོ་བོའི་ལམ་ཡིག་ནག་ཚོའི་གསུང་བརྒྱུད་པ་སྣར་ཐང་པ་ཨུ་པ་དྷ་རི་དང་མཆིམས་ཐམས་ཅད་མཁྱེན་པའི་རྣམ་ཐར་ན། ཇོ་བོ་ཤིང་རྟ་ལ་སྐུ་གཤེགས་ཞེས་འབྱུང་བས། བོད་དུ་ཆུ་རྟ་ལ་ཕེབས་པར་གྲུབ་ཅིང་། འབྲོམ་གྱི་ལམ་ཡིག་ནའང་། ཆུ་ཕོ་རྟའི་ལོ་ལ་བོད་དུ་བྱོན། ཞེས་བཤད་པ་དང་མི་འགལ་ལམ་སྙམ་ན། དེ་དག་ནི་ཡི་གེ་མ་དག་པ་ལ་ཡིད་བརྟན་བཅས་པས་བབ་ཅོལ་ཏེ་འབྲོམ་གྱི་ལམ་རིམ་བར་མ་ན། མེ་ཕོ་རྟའི་ལོ་ལ་སྐུ་འཁྲུངས་ནས་ཞེས་པ་ཡང་ཡོད་མོད། དེ་ལྟར་བྲིས་པ་དང་ཆུ་ཕོ་རྟ་ལ་བོད་དུ་ཕེབས་པ་བྲིས་པ་གཉིས་འགལ་བའི་ཕྱིར་ཏེ། དྲུག་ཅུ་སྐོར་གཅིག་འདས་པའི་ལོ་རྟ་ཐོག་མཐའ་དབང་ཐང་གཅིག་པའི་ཕྱིར་རོ། ཡང་དེབ་སྔོན་སོགས་ལས་ཇོ་བོ་ཚེས་ཉི་ཤུ་ལ་གཤེགས་ཟེར་བ་ཡང་མ་དག་པ་འདྲའོ། དེ་ལྟར་ཇོ་བོ་མངའ་རིས་སུ་ཐོ་ཐིང་(ལིང) གི་གཙུག་ལག་ཁང་དུ་ལོ་ཆེན་རིན་བཟང་དང་མཇལ། འབེལ་བའི་བཀའ་མཆིད་རབ་ཏུ་བགྱིས་