R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༣༧
[A:༤༣༧]སྣང་བ་དང༌། འགའ་ཞིག་གིས་ལོག་བསྒྲུབ་ཤིན་ཏུ་འཇིགས་སུ་རུང་བ་ཇི་སྙེད་བྱས་ཀྱང༌། ཐུགས་ལ་ཁོང་ཁྲོ་དང་ཁོན་དུ་འཛིན་པའི་རྣམ་པ་ཅུང་ཟད་ཀྱང་མི་མངའ་བར། ལོག་སྒྲུབ་བྱེད་པ་པོ་ལ་ལྷག་པར་ཐུགས་བརྩེ་བར་སྣང་བའི་ཕྱིར་རོ། །རིག་པ་འཛིན་པའི་སྡོམ་པ་ནོས་པའི་ཚུལ་ནི། ཐོག་མར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་དྲུང་དུ། རྒྱུད་སྡེ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བ་གསན་ནས། རིག་འཛིན་སྔགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་ལྡན་པར་མཛད་པ་ཡིན་ཏེ། དེ་ལ་བླ་མེད་ཀྱི་སྐོར་ལ། གསང་བ་འདུས་པ་མི་བསྐྱོད་པ། ཡེ་ཤེས་ཞབས་ལུགས། གཤིན་རྗེ་གཤེད་དམར་པོ་ལྷ་ལྔ། ལྷ་བཅུ་གསུམ་མ། དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས། བདག་མེད་མ། གུར་རིགས་བསྡུས། བདེ་མཆོག་ལོ་ནག་དྲིལ་གསུམ། དྲིལ་བུ་ལྷ་ལྔ། སྒྲོལ་མ་ལྷ་བཅུ་བདུན་མ། དུས་ཀྱི་འཁོར་ལོ་རྣམས་ཀྱི་དབང་གསན། གཞན་ཡང་ཡོ་ག་རྡོར་དབྱིངས། འཇམ་དཔལ་གསང་ལྡན། ཀུན་རིག་རྩ་བའི་དབང་རྣམས་གསན། བྱ་སྤྱོད་ལ་ཚེ་དཔག་ལྷ་དགུ། གཟུངས་གྲྭ་ལྔ། འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔ་རྣམས་ཀྱི་དབང་གསན་ནོ། །གཞན་ཡང་བླ་མ་སོ་སོའི་དྲུང་དུ། རྒྱུད་སྡེ་བཞི་དང་འབྲེལ་པའི་དབང་བསམ་གྱིས་མི་ཁྱབ་པ་གསན་ནས། རིག་འཛིན་སྔགས་ཀྱི་སྡོམ་པ་ལ་ཉེས་པའི་དྲི་མས་མ་གོས་པར་ཐུགས་རྒྱུད་ལ་ལེགས་པར་བཞུགས་པ་ཡིན་ཏེ། དབང་བསྐུར་ཕྱིན་ཅི་མ་ལོག་པར་ཐོབ་པའི་བླ་མ་རྡོ་རྗེ་འཆང་དང་དབྱེར་མི་ཕྱེད་པའི་མོས་པ་གཞན་གྱིས་དབྲོག་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་གཞི་སྡོམ་པ་གསུམ་རྣམ་པར་དག་པ་ལ་བརྟེན་ནས། གཉིས་པ་ཐོས་བསམ་སོགས་ཇི་ལྟར་མཛད་ཚུལ་ནི། དགུང་ལོ་དགུ་པ་ལ་རབ་བྱུང་མཛད་པ་དེ་ནས་བཟུང་སྟེ་དགུང་ལོ་ཉི་ཤུ་རྩ་ལྔ་པའི་བར་དུ་གཙོ་ཆེར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་དྲུང་དུ་བཞུགས་ཏེ། སྔར་གྱི་བརྟག་གཉིས་མ་བསྙེལ་བར་མཛད་ནས། ཐོག་མར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དང༌། ཡོ་ག་རྡོར་དབྱིངས་ཀྱི་ཕྱག་ལེན་རྣམས་མཐར་ཕྱིན་པར་མཛད་དོ། །གསང་བ་འདུས་པའི་བཤད་རྒྱུད་དགོངས་པ་