R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༣༦
[A:༤༣༦]པས་མི་གོས་པ་ཡིན་ཏེ། སློབ་དཔོན་ཀུན་ལེགས་པའི་གསུང་གིས་བླ་མ་འདི་བཙུན་ཆུང་གི་དུས་ནས་སུ། གཞན་དང་མི་འདྲ་བ་ཅིག་བདོག་སྟེ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་གཡས་གཡོན་དུ་ཆོས་བར་ལ་འབྱོན་པའི་ཕྱག་ཕྱིར་བདག་ཅག་གྲྭ་པ་རྣམས་འགྲོ་བའི་ཚེ། ལམ་བར་སོགས་ཀྱི་གནལ་མལ་དུ་ཕྱི་དྲོ་ཕེབས་པའི་དུས་སུ་བདག་ཅག་གྲྭ་པ་རྒན་པ་རྣམས་ནི་ཁ་སྐོམ་པ་དང༌། གསུས་པ་ལྟོགས་པས་བཟའ་བཏུང་གི་རྩོལ་བ་ཀ་བྱེད་ཀྱང་ཁོང་བ་བཙུན་ཆུང་ཆུང་ཤོས་ཡིན་ཏེ། ཕྱི་དྲོ་བཟའ་བཏུང་གི་སྤྲོས་པ་མི་བྱེད་པར་གནས་མལ་དུ་ཕེབས་ནས། ཁྲེས་པོ་ཕོག་མ་ཐག་པུསྟི་རེ་ཞལ་ཕྱེ་ནས་དཔེ་ཆ་རེ་ཕར་ལོག་ཚུར་ལོག་བྱེད་ཀྱིན་གཟིགས་པ་ཅིག་ཀ་བདོག་ཅེས་གསུངས་པ་དེ་ལྟ་བུས་མཚོན་པའོ། །ཡང་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པས་མཁན་པོ་མཛད། མཁན་ཆེན་བློ་གྲོས་དཔལ་བས་ལས་ཀྱི་སློབ་དཔོན། ཆོས་རྗེ་འཕགས་པ་གཞོན་ནུ་བློ་གྲོས་པས་གསང་སྟོན་སློབ་དཔོན། གྲིབ་ཚོད་པ་འཇམ་དབྱངས་དཔལ་ལྡན་གཞོན་ནུ་ལ་སོགས་པ་དད་པའི་དགེ་འདུན་བདུན་གྱི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ནོས་ཏེ། ཉེས་ལྟུང་གི་དྲི་མ་རྣམ་པར་དག་པར་བཞུགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནོས་པའི་ཚུལ་ནི། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་དྲུང་དུ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ལན་ལྔ་ནོས་ཤིང༌། ཆོས་རྗེ་བུདྡྷ་བའི་དྲུང་དུ་དབུ་མ་ལུགས་དང༌། སེམས་ཙམ་ལུགས་གཉིས་ཀ་གསན་ནས་སོ་སོའི་བསླབ་བྱ་རྣམས་རང་རང་གི་ལུགས་ལྟར་ལེགས་པར་བསྲུངས་ཏེ། ཤིན་ཏུ་རྣམ་པར་དག་པར་བཞུགས་སོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ནི། བྱམས་པ་དང་སྙིང་རྗེ་ཆེན་པོའི་རྩ་བ་ཅན་ཡིན་པ་ལ། བདག་ཉིད་ཆེན་པོ་འདི་ཉིད་ཀྱི་ཐུགས་ནི། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེན་པོའི་ངང་དུ་གྱུར་པ་སྟེ། ཐ་ན་གཞན་དག་ཤ་ཟ་བ་གཟིགས་པ་ཙམ་དང༌། ཁྱད་པར་རབ་ཏུ་བྱུང་བས་ཤ་ཟ་བ་གཟིགས་པ་ན། ནང་དུ་མི་བཟོད་པའི་ཐུགས་ངེས་འབྱུང་ཆེན་པོ་འབྱུང་ཞིང༌། ཞག་དུ་མའི་བར་དུ་གསོལ་དངས་འགགས་པར་