R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༣༥
[A:༤༣༥]ནས། བརྟག་གཉིས་ཀྱི་མཛུབ་ཁྲིད་རྣམས་རྫོགས་པར་མཛད་དོ། །རྣམ་གཞག་མཛད་པར་སྐབས་སུ་བབ་པ་ན། ཏའི་སི་ཏུ་བསོད་ནམས་དཔལ་བས་ཉེ་གནས་གྲུབ་པའི་བུ་རྣམ་གཞག་བྱེད་པའི་སྟོན་ཤོག་གི་དཀར་རུ་མ་ངེད་ཀྱིས་བྱེད་པ་ཡིན་གསུངས་ནས་ཤོག་བུ་རྩེ་ཆེན་མ་བོང་རྒྱབ་དུ་མའི་དཀར་རུ་མ་མཛད་དོ། །དེ་ལ་སྤྱིར་རྣམ་གཞག་མཛད་པ་རྣམས་ཀྱིས་སྟོན་ཤོག་ལ་ཤོག་ཡུག་ཕྱེད་རེ་འབུལ་བ་ཡིན་ཡང་ཆོས་རྗེ་རིན་པོ་ཆེ་པས་སྟོན་ཤོག་ལ་ཤོག་བུ་རྩེ་ཆེན་མ་རེ་ཕུལ་ཞིང་དེ་དང་མཐུན་པའི་དེ་ནས་གཞན་ལས་ཕུལ་དུ་བྱུང་བའི་རྣམ་གཞག་དང་དགའ་སྟོན་རྒྱ་ཆེན་པོ་མཛད་ནས། ཆོས་གསུངས་པས། ཆོས་དང་དགའ་སྟོན་གཉིས་ཀ་ལ་ཀུན་གྱིས་ངོ་མཚར་དུ་འཛིན་པར་གྱུར་ཏོ། །གཉིས་པ་རབ་ཏུ་བྱུང་ནས་ཀྱི་རྣམ་ཐར་ལ་གསུམ་སྟེ། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ཇི་ལྟར་ནོས་པའི་ཚུལ། དེ་ལ་བརྟེན་ནས་ཐོས་བསམ་ལ་སོགས་པ་ཇི་ལྟར་མཛད་པའི་ཚུལ། གཞན་དོན་ཕྲིན་ལས་ཇི་ལྟར་མཛད་པའི་ཚུལ་ལོ། དང་པོ་ལ་སོ་སོར་ཐར་པའི་སྡོམ་པ་ཇི་ལྟར་ནོས་པའི་ཚུལ་ནི། དགུང་ལོ་དགུ་བཞེས་པའི་དུས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པས་མཁན་པོ་མཛད། ཆོས་རྗེ་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་པས་ལས་ཀྱི་སློབ་དཔོན་དང༌། ཀ་བཞི་འཛིན་པ་དཔལ་ལྡན་སེང་གེས་གྲིབ་ཚོད་པ་དང༌། བླ་མ་ཀུན་དགའ་རིན་ཆེན་པ་དང༌། མཁས་པའི་དབང་པོ་གཡག་སྟོན་སངས་རྒྱས་དཔལ་གྱིས་ཁ་སྐོང་གི་དགེ་འདུན་མཛད་ནས། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་ནོས་ནས་ཉེས་བྱས་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པར་བསྲུང་བར་མཛད་པ་ཡིན་ནོ། །དེ་ལྟར་ཉེས་པ་ཕྲ་བས་མ་གོས་པ་དེ་ཡང་གཞན་རྐྱེན་ལ་བརྟེན་པའམ། རང་གིས་ཀྱང་རྩོལ་བ་དྲག་པོས་གཉེན་པོ་བསྟེན་དགོས་པ་མ་ཡིན་པར་སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དགེ་སློང་འགའ་ཞིག་ཚུར་ཤོག་ལ་སོགས་པས་བསྙེན་པར་རྫོགས་པ་ན། དེ་མ་ཐག་ཏུ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུའི་སྤྱོད་ལམ་དང་ལྡན་པར་གྱུར་ཏོ་ཞེས་པ་དང་ཚུལ་མཚུངས་པར་རབ་ཏུ་བྱུང་མ་ཐག་ནས་རང་གི་ངང་གིས་ཉེས་