R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༦༡
[A:༤༦༡]རྗེས་གནང་དང་རིགས་གཏད་སྒྲུབ་ཐབས་དང་ལུང་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་ཉིན་མཚན་ཁོར་ཡུག་ཏུ་རྒྱུན་མི་འཆད་པར་བསྐོར་བར་མཛད་དོ། །དེ་ལ་བརྟེན་ནས་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པ་དང༌། མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོ་དང༌། ཆོས་རྗེ་གཞོན་ནུ་སེང་གེ་པ་ལ་སོགས་པ་བསྟན་པ་ལ་བྱ་བ་བྱས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དུ་མ་དང༌། ཁྱད་པར་རྒྱུད་སྡེ་ཆེན་པོ་བཞིའི་དོན་ལ་བཤད་པ་དང༌། ལག་ལེན་དང་ཉམས་ལེན་གྱི་རིམ་པ་ཐམས་ཅད་འཁྲུལ་པ་མེད་པར་ཐུགས་སུ་ཆུད་ནས་བཤད་ཉན་གྱི་སྒོ་ནས་བསྟན་པའི་རྒྱུད་གནས་པ་དང༌། ཉམས་ལེན་གྱི་སྒོ་ནས་བསྒྲུབ་པའི་རྒྱལ་མཚན་བཙུགས་པའི་དགེ་བའི་བཤེས་གཉེན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་བདག་ཆེན་ཆུ་མིག་པ་གྲགས་པ་བློ་གྲོས་པ་དང༌། བདག་ཆེན་མཐུ་སྟོབས་དབང་ཕྱུག་བསོད་ནམས་རྒྱལ་མཚན་པ་དང༌། བདག་ཆེན་གཞི་ཐོག་པ་ཀུན་དགའ་དབང་ཕྱུག་པ་དང༌། བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག་པ་རྣམས་ཀྱིས་གཙོ་མཛད། སྟོད་མངའ་རིས། སྨད་མདོ་ཁམས། བར་དབུས་གཙང་གི་ཕྱོགས་མཐའ་དག་ན་བསམ་གྱིས་མི་ཁྱབ་ཅིང་གྲངས་ལས་འདས་པ་བསྐྲུན་པར་མཛད་ཅིང༌། ཆོས་རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ཐུགས་རྒྱུད་ལ་ཡང༌། སྤྱན་ལམ་ན་ཡོད་པའི་བུམ་པ་ལ་སོགས་པ་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་གསལ་བར་གཟིགས་པའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་དུ་མ་ལ་མངའ་བརྙེས་ཏེ། དེའི་སྟོབས་ཀྱིས་གདན་ས་ཆེན་པོ་དང༌། གཞན་ཡང་སྡེ་པ་འགའ་རེ་ལ་མ་འོངས་པ་ན་འདི་ལྟ་བུ་འབྱུང་བ་དང༌། ཐ་ན་གྲ་པ་ཕལ་པ་འགྲོ་འདུག་བྱེད་པའི་ལུང་བསྟན་ཞུས་པ་ཡང་ཇི་ལྟར་ལུང་བསྟན་པ་ལྟར་ཐོག་ཏུ་འབབ་པ་ལ་སོགས་པ་མ་འོངས་པ་ལུང་བསྟན་པ་ཡང་མཐའ་ཡས་སོ། །དེ་ལྟ་བུའི་བར་སྐབས་སུ་མངའ་རིས་གློ་བོ་ཕྱོགས་ནས་བསྟན་པའི་སྦྱིན་བདག་ཨ་མ་དཔལ་ཡབ་སྲས་ཀྱིས་ལན་གསུམ་གྱི་བར་དུ་གདན་འདྲེན་ཞུས་པ།