R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༦༢
[A:༤༦༢] བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་བར་དགོངས་ཏེ། མངའ་རིས་ཕྱོགས་ལ་ཆག་ཕེབས་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ཡུན་རིང་དུ་བསྐོར། དགེ་འདུན་གྱི་སྡེ་ཁྱད་པར་དུ་འཕགས་པ་དུ་མ་བཙུགས་ཏེ། བཤད་ཉན་གྱི་སྒོ་ནས་བསྟན་པ་སྤྱི་དང་བྱེ་བྲག་ཏུ་དཔལ་ལྡན་ས་སྐྱ་པའི་བསྟན་པ་གསལ་བར་མཛད་པ་དང༌། གཞན་ཡང་གཙུག་ལག་ཁང་ཁྱད་པར་དུ་འཕགས་པ་དང༌། རིན་ཆེན་གསེར་ལ་སོགས་པ་ལས་གྲུབ་པའི་བདེ་བར་གཤེགས་པའི་རྟེན་གསུམ་ངོ་མཚར་བ་དུ་མ་དང༌། རིན་པོ་ཆེ་གསེར་དང་སྣག་ཚ་ལས་གྲུབ་པའི་བཀའ་འགྱུར་ཚར་དུ་མ་ལ་སོགས་པ་གསུང་རབ་མཐའ་ཡས་པ་བཞེངས་པའི་བཀའ་གནང་སྟེ། ཚུལ་བཞིན་དུ་བཞེངས་ནས་རབ་གནས་ལེགས་པར་མཛད་པ་ལ་སོགས་པའི་ཕྲིན་ལས་མཐའ་ཡས་པ་ཡིན་ནོ། །གཞན་ཡང་གོང་མ་ཆེན་པོ་གྲགས་པ་འབྱུང་གནས་པས་ཡར་ལུང་ཕྱོགས་སུ་གདན་འདྲེན་ཞུས་ནས། དབུས་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཡང་བསྐོར་བར་མཛད་དོ། །དེ་ལྟར་འཆད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་ནས་རྩོད་པའི་སྒོ་ནས་གཞན་གྱི་ལོག་པར་རྟོགས་པ་བཟློག་པ་ཡང༌། སྔོན་གྱི་དུས་སུ་དཔལ་ལྡན་ཆོས་སྐྱོང་སེམས་ཙམ་གྱི་པཎྜི་ཏ་ཡིན་པས། བིརྺ་པའི་རྒྱུད་གསུམ་མན་ངག་དང་བཅས་པའི་དགོངས་པ་སེམས་ཙམ་དུ་བཀྲལ་བ་ཡིན་ནོ་ཞེས་པའི་ལོག་པར་རྟོགས་པ་བྱུང་བ། ལུང་རིགས་ཀྱིས་སུན་འབྱིན་པར་བྱེད་པའི་བསྟན་བཅོས་ཆེན་པོ་རྒྱུད་གསུམ་གནོད་འཇོམས་རྩ་འགྲེལ་མཛད། ཡང་ཕྱིས་ཀྱེ་རྡོར་ལུས་དཀྱིལ་རྒྱུད་གཞུང་ལས་མ་བཤད་པའི་རྟོག་བརྟགས་ཡིན་ནོ་ཞེས་པའི་ལོག་རྟོགས་འཇིགས་སུ་རུང་བ་བྱུང་བ་དེ། ལུང་རིགས་མན་ངག་གི་སྒོ་ནས་ལེགས་པར་སུན་ཕྱུང་ནས། རྒྱུད་གཞུང་གི་དགོངས་པ་བླ་ན་མེད་པར་སྒྲུབ་པར་བྱེད་པའི་བསྟན་བཅོས་ཆེན་པོ་ལུས་དཀྱིལ་རྩོད་སྤོང་སྨྲ་བ་ངན་འཇོམས་ཞེས་བྱ་བ་དང༌། ལྟ་བ་ངན་སེལ་ཞེས་བྱ་བ་གཉིས་མཛད་དོ། །