R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༦༠
[A:༤༦༠]ཉམས་ལེན་གྱི་རིམ་པ་རྣམས་སོ་སོ་རང་གི་ལུགས་བཞིན་གཞན་དང་མ་འདྲེས་པར་བཤད་པ་ན། རྒྱུད་སྡེ་རེ་རེའི་འགྲེལ་ཚུལ་ཡང་ཕན་ཚུན་མི་འདྲ་བ་ཆེས་ཆེ་བ་སྣང་མོད། ཐམས་ཅད་ཀྱང་གསང་སྔགས་རྒྱུད་སྡེ་དང་མཐུན་པའི་བཤད་པ་འབའ་ཞིག་ཏུ་འགྲོ་བའི་འཆད་ཚུལ་འདི་ནི་རྒྱུད་གཞུང་དང༌། སྔོན་གྱི་རྒྱུད་སྡེ་ཚུལ་བཞིན་དུ་སྨྲ་བའི་གོང་མ་རྣམས་ཀྱི་དགོངས་པ་ཕྱོགས་གཅིག་པར་འདུག་ནའང༌། དེང་སང་ཆོས་རྗེ་རིན་པོ་ཆེ་ཁོ་ནའི་འཆད་སྲོལ་ཐུན་མོང་མ་ཡིན་པར་སྣང་ངོ༌། །དེ་ལྟ་བུའི་འཆད་ཚུལ་གྱིས་རྩ་བའི་རྒྱུད་བརྟག་པ་གཉིས་པ། བཤད་པའི་རྒྱུད་རྡོ་རྗེ་གུར། སམྤུ་ཊ་སྟེ་རྒྱུད་གསུམ་དང༌། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ། འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད་རྣལ་འབྱོར་མ་ཀུན་སྤྱོད་ལ་སོགས་པ་བཤད་པའི་རྒྱུད་དང༌། མ་ཧཱ་མཱ་ཡའི་རྒྱུད། གསང་བ་འདུས་པའི་རྒྱུད། རྒྱུད་ཕྱི་མ་ལ་སོགས་པའི་བཤད་པའི་རྒྱུད་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་བདུན་དང༌། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་མཐའ་ཡས་པ་དང༌། དེ་དག་དང་འབྲེལ་བའི་འགྲེལ་པ་དང༌། གཞུང་གི་ཚོགས་རབ་ཏུ་མང་པོའི་བཤད་པ་དང༌། གཞན་ཡང་གསུང་ངག་རིན་པོ་ཆེ་ལམ་འབྲས་ལམ་སྐོར་དང་བཅས་པ་ཡོངས་སུ་རྫོགས་པ་དེ་སྔ་ཡན་ལ་ཚར་བརྒྱད་ཅུ་ཙམ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་བའི་སྐོར་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པ་དང༌། རིམ་བཞི་དང༌། རིམ་ལྔ་དང༌། རྩ་དབུ་མ་བདེ་མཆོག་དཀར་པོ། བདེ་མཆོག་སྙན་བརྒྱུད་ལ་སོགས་པ་འཁོར་ལོ་བདེ་མཆོག་གི་རྫོགས་རིམ་གྱི་སྐོར་དང༌། གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་རྫོགས་རིམ་ཤིན་ཏུ་སྤྲོས་མེད་དང༌། འཇིགས་བྱེད་རྭ་ཁྲིད་ལ་སོགས་པ་རྫོགས་རིམ་གྱི་སྐོར་བསམ་གྱིས་མི་ཁྱབ་པ་ལན་གྲངས་རབ་ཏུ་མང་པོ་དང༌། སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ་ལ་སོགས་པའི་རྗེས་གནང་གི་སྐོར་མང་པོ་དང༌། རྒྱུད་འབུམ་དང་ས་སྐྱ་བཀའ་འབུམ་ལ་སོགས་ལུང་གི་ཚོགས་གྲངས་མེད་པ་ལ་སོགས་ཏེ། མདོར་ན་དབང་དང་བྱིན་རླབས་རྒྱུད་དང་མན་ངག་