R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༥༩
[A:༤༥༩]ཞིག་སྐོར་དུ་བཏང་པས་ས་ཆ་དེ་ཞལ་ཏ་ཇི་ལྟར་གནང་བ་ལྟར་འདུག་ཅིང་དེའི་ཚེ་དགུན་ཡིན་ཀྱང་མེ་ཏོག་སོ་མ་ཅིག་སྐྱེས་པ་ཡང་གཟིགས་ཏེ་རྟེན་འབྲེལ་ལེགས་པོ་བྱུང་ཞེས་གསུངས་སོ། །དེ་ནས་ས་མོ་བྱ་ལོའི་དབྱར་ཆོས་ལ་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་དུ་ཕེབས། དེར་དབེན་གནས་མཛད་དེ་དགོན་པའི་ཁོངས་སུ་ཤ་ཆང་དང་ནག་མོ་འགྲིམ་ས་མེད་པ་དང༌། དེར་བཞུགས་ཀྱི་དགེ་འདུན་ཐམས་ཅད་དང་ཚུགས་ལ་གནས་པ་དང་ས་གཞན་དུ་འཁོན་རྩོད་ལ་སོགས་པ་ཅིག་ཡོད་ཀྱང༌། ཨེ་ཝཾ་ཆོས་ལྡན་དུ་འཁོན་རྩོད་ལ་སོགས་པ་བྱ་ས་མེད་པའི་བཅའ་ཁྲིམས་ལེགས་པོ་མཛད་ནས། འདུལ་བའི་བསླབ་བྱ་དང༌། བྱང་བ་དང༌། བསླབ་པ་ཀུན་ལས་བཏུས་ལ་སོགས་པའི་སྒོ་ནས་སྡོམ་པ་འོག་མ་གཉིས་ཀྱི་བསླབ་བྱ་ཉམས་ལེན་དང་བཅས་པ་ཡང་སྐབས་སུ་གསུང་ཞིང་དབྱར་ཆོས་དེ་ལ་གསུང་ངག་ཅིག་གསུངས་སོ། །དེའི་ཚེ་ཉིན་ཅིག་རང་པོའི་སྤྱི་ཁང་འོག་མ་དེ་ལ་གཟིགས་ནས། ཞིང་སྟེང་ཕ་ཏ་ན་ས་སྐྱའི་གུར་མགོན་ལྕམ་དྲལ་གྱི་འཆམས་སྐུ་དེ་གཉིས་བཞུགས་འདུག་པ་ཡིན་ཏེ། ཁང་པ་ཕ་ཏ་ན་འོང་བ་ལ་བལྟ་བ་ཡིན་པ་འདུག་ཅེས་གསུང་བ་ནི། སྔར་རི་ཁྲོད་ཐུགས་དམ་དུ་ཤར་བའི་ཚེ་གཟིགས་པར་སྣང་ངོ༌། །དབྱར་ཆོས་དེ་ནས་བཟུང་གཙོ་བོར་གསང་སྔགས་རྡོ་རྗེ་ཐེག་པ་རྒྱུད་སྡེ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་དབེན་གནས་འདིར་ཕེབས་ནས་རྡོ་རྗེ་ཐེག་པ་དོན་དུ་གཉེར་བའི་དགེ་བའི་བཤེས་གཉེན་ཕྱོགས་མཐའ་དག་ནས་དུས་དང་གནས་སྐབས་ངེས་པ་མེད་པར་བྱོན་པས་དབང་དང་བྱིན་རླབས། རྒྱུད་མན་ངག་ལ་སོགས་པ་རྣམས་ཀྱང་དུས་དང་གོ་རིམས་ངེས་པ་མེད་པར་དོན་གཉེར་བའི་ཤེས་འདོད་ཀྱི་སྟབས་ཀ་དང་བསྟུན་ནས་རྒྱུན་མི་ཆད་པར་གསུངས་ཤིང༌། དེ་ལ་སྤྱིར་རྒྱུད་སྡེ་བཞི་ལ་ཆོས་སྐད་རང་རྐང་ཚུགས་པ་རེ་ཡོད་པ་དང༌། འགྲེལ་བྱེད་ཚད་མ་རྒྱ་གར་བའི་པཎ་གྲུབ་རྣམས་ཀྱིས་འགྲེལ་ལུགས་སྣ་ཚོགས་མཛད་པ་རྣམས་ལ་རང་རང་གི་གྲུབ་མཐའ་གཞུང་ཚུགས་པའི་བཤད་པ་དང༌། དེ་དང་རྗེས་སུ་འབྲེལ་བའི་ལག་ལེན་དང༌། དེའི་མན་ངག་