R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༥༦
[A:༤༥༦]དགོས་ཟེར་པ་ལ། བགྲེས་པ་འགའ་ཞིག་གིས་དེ་བཞིན་ཞུས་པས། མོ་ལ་ངེས་པ་མེད་ནའང༌། སྤོང་དག་དང་མཚམས་བྱས་པས་ཆོག་གསུངས་ནས། ཕྱག་རྫས་མང་པོ་བླ་བྲང་ཤར་དུ་ས་སྐྱ་པའི་དགེ་འདུན་རྣམས་ལ་འགྱེད་མཛད། ཆོས་རྗེའི་ཞལ་སྔ་ནས་སྐུ་འབུམ་དུ་སྐུ་མཚམས་དམ་པོ་མཛད་ནས་ཐུགས་དམ་གྱི་རིམ་པ་སྔ་སྐད་འཁོར་ལོ་བདེ་མཆོག་གི་ཚེ་སྒྲུབ་དང༌། ཕྱི་མ་རེད་ཨུཥྞཱི་ཥའི་སྲུང་འཁོར་མཛད་ནས། ཞག་པོ་འགའ་ཞིག་སོང་བའི་ཐོ་རངས་ཤིག །གཟུགས་མངོན་རྒྱུ་མེད་པའི་བར་སྣང་དུ་རྣམ་རྒྱལ་གྱི་གཟུངས་དག་པོ་ཚར་གཅིག་སྒྲ་ལྷང་པ་གསལ་པོར་གྲག་བྱུང་བས། རྣམ་རྒྱལ་གྱི་སྒྲུབ་པ་གྱིས་ཤིག་པའི་བརྡར་དགོངས་ནས། དེ་ཕྱིན་ཆད་སྔ་སྐད་རྣམ་རྒྱལ་ལ་ཐུགས་དམ་མཛད། སྲུང་འཁོར་གུར་མགོན་གྱི་སྲུང་འཁོར་གྱིས་ཤིག་པའི་མཚན་མ་བྱུང་ནས་ཕྱི་མ་རེད་གུར་དགོན་གྱི་སྲུང་འཁོར་མཛད་ནས། རྣམ་རྒྱལ་གྱི་བསྟོད་པ་ཉི་མ་རེ་ལ་ཤློ་ཀ་རེ་དང༌། གུར་མགོན་ལྕམ་དྲལ་དང༌། གདོང་བཞི་པ་ལ་བསྟོད་པ་རེ་མཛད་པས། པུ་ཏྲ་ན་རེ་ང་ལ་ཡང་བསྟོད་པ་བྱེད་དགོས་ཟེར་བྱུང་ནས་པུ་ཏྲའི་བསྟོད་པ་ཡང་མཛད་དོ། །དེ་ལྟར་ཆོ་འཕྲུལ་ཆེན་པོ་ནས་དབོའི་ཟླ་བའི་ཡར་ཚེས་བཅོ་ལྔ་ཡན་ལ་བསྟོད་པ་རྣམས་རྫོགས་པ་དང༌། མནལ་ལམ་དུ་ས་བཟང་ན་བཞུགས་འདུག་པའི་རྣམ་པ་ཞིག་ལ། མདོ་སྡེ་མཛངས་བླུན་ཅིག་ཕྱག་ཏུ་བྱུང་བ་ཡར་མར་གང་ནས་བགྲངས་ཀྱང་ཤོག་བུ་སུམ་ཅུ་རྩ་དགུ་རེ་བྱུང་སྟེ། ད་དུང་འང་སྐུ་ཚེ་དེ་ཙམ་གྱི་བར་དུ་བཞུགས་ཟེར་བ་བྱུང་ཞིང༌། རྣམ་རྒྱལ་གྱི་བསྟོད་པ་ལ་ཡང་ཤློ་ཀ་སུམ་ཅུ་རྩ་དགུ་བྱུང་བ་ཡིན་ནོ། །དེའི་ཚེ་སྨྱུག་མའི་ཕོན་པོ་ཅིག་ཀྱང་ཕྱག་ཏུ་ཕུལ་བྱུང་སྟེ་སྐུ་ཚེ་ལ་ཕན་མི་ཕན་གྱི་བཤད་པ་ཅི་ཡང་མ་བྱུང་ཞེས་གསུང་ངོ༌། །ཞག་པོ་གཉིས་ནས་བྱིངས་པོ་ལ་མཇལ་ས་འོང་པའི་དོ་ནུབ་དགོངས་མོ་དེ་མངའ་རིས་པ་བླ་མ་དཀོན་མཆོག་འོད་ཟེར་དང༌། བདག་གཉིས་ལ་སྐུ་མདུན་དུ་ཤོག་གསུངས་པ་བྱུང་ནས་ཕྱིན་པས། ཆོས་རྗེའི་ཞལ་སྔ་ནས། རང་རེས་གྲུབ་མཐའི་དགག་སྒྲུབ་རེ་ཙམ་མ་གཏོགས་སུ་ལ་ཡང་གནོད་པར་འགྱུར་བ་མ་བྱས་ཀྱང་འགའ་ཞིག་གིས་ཕྱག་དྲུག་པ་ལ་བརྟེན་པའི་བྱད་ཁ་