R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༥༥
[A:༤༥༥]ཡང་མ་གསན་པར་རྒྱུད་བཤད་པ་དང༌། རྒྱུད་མ་རྫོགས་པར་ཁོང་དཔོན་སློབ་གློ་བུར་དུ་འབྱོན་དགོས་པ་བྱུང་ནས། རྒྱུད་བཅད་པས་ཆོས་རྗེའི་སྐུ་ཁམས་ལོག་ནས་འོ་བརྒྱལ་པོ་བྱུང་བ་དང༌། ནུབ་ཅིག་མནལ་ལམ་དུ་བུད་མེད་སྔོན་དམར་བཞི་བྱུང་ནས། ཁྱོད་ཀྱི་བླ་བྲང་ཤར་བའི་བདེ་མཆོག་གི་སྐུ་བཤས་ནས་བཙོངས་ཞེས་ཟེར་ནས་མ་མཉེས་པའི་ཚུལ་མང་པོ་སྟོན་པ་བྱུང་བ་ལ། ངེད་ཀྱིས་བླ་བྲང་ཤར་པའི་བདེ་མཆོག་གི་སྐུ་བཤས་པ་མེད། བླ་བྲང་ཤར་པ་ལ་བདེ་མཆོག་གི་སྐུ་གསེར་སྐུ་དེ་དང་བུམ་སྐུ་དེ་གཉིས་པོ་མིན་པ་ནི་མེད། དེ་གཉིས་ད་ལྟ་བླ་བྲང་ཤར་ན་ཡོད་ཅེས་གསུངས། ཁོང་རྣམས་ཀྱིས་བདེ་མཆོག་གི་སྐུ་པད་གདན་ཕྲལ་བ་གྲ་ཅིག་ཁྱེར་བྱུང་ནས་འདི་ཁྱེད་ཀྱིས་ཕྲལ་བ་ཡིན་ཞེས་ཟེར་བས། རྗེ་ལ་ཡང་དེ་བཤིག་པའི་ཉེས་པ་ཡོད་པའི་གནོང་ཅིག་བྱུང་བ་རྨིས་པ། སང་མནལ་སད་པ་དང༌། རྒྱུད་བཅད་པའི་འཁུ་ལྡོག་ཏུ་དགོངས་ནས། ལ་བ་པའི་བདེ་མཆོག་གི་འགྲེལ་པ་ནས་བཤད་པའི་རིགས་ལྡན་མའི་མཆོད་ཆོག་རྒྱས་པ་དེ་མཛད་པས་རྗེའི་སྐུ་ཁམས་ལེགས་པར་དངས་སོ། །འདི་ལྟ་བུ་ནི་འཕྲལ་དུ་བར་ཆད་ཀྱི་རྣམ་པ་ལྟ་བུར་སྣང་ཡང༌། ཕུགས་ཡིད་དམ་གྱིས་རྗེས་སུ་གཟུང་བའི་མཚན་མ་ཡང་དག་པ་ཡིན་ནོ། །ཡང་འབྲིང་མཚམས་ཀྱི་རི་བོ་སྒང་ཞེས་བྱ་བར་ལམ་འབྲས་གསུངས་པའི་ཚེ། ནུབ་ཅིག་མནལ་ལམ་དུ་ཁང་པ་བཟང་པོ་ཞིག་གི་ནང་ཞལ་ཤར་བསྟན་པ་ཞིག་ན། རྗེ་ས་ཆེན་ཡབ་སྲས་གསུམ་གྱི་སྐུ་ཤིན་ཏུ་མཚར་བ་འོད་དང་འོད་ཟེར་གྱི་རང་བཞིན་ཅན་གསུམ་དང༌། ཆོས་རྗེ་ས་པཎ་གྱི་སྐུ་དེ་ཚོ་ལས་ཅུང་མོག་པ་ཅིག་བཞུགས་འདུག་པ་རྨི་ཞེས་གསུངས་སོ། །དེ་ནི་བླ་མ་ཡབ་སྲས་གསུམ་གྱི་གསུང་རབ་ཀྱི་བྱི་དོར་མཐར་ཕྱིན་པའི་རྟགས་ཡིན་ནོ། །གཞན་ཡང་མེ་ཕོ་རྟའི་ལོའི་དགུན་ཆོས་ལ་ཟབ་ལམ་དང༌། བརྟག་གཉིས་གསུངས་པའི་ཚེ། གྲྭ་པ་མང་པོ་ལ་ཆོས་རྗེའི་དྲུང་ནས་ལ་སྐུ་ཆག་ཅུང་ཆེ་བའི་རྨི་ལམ་བྱུང་བ་དང༌། གྲྭ་པ་འགའ་ཞིག་གིས་ལོགས་སུ་མོ་འདྲ་བཏབ་འདུག་པ་ལ་ཡང༌། སྐུ་ཆག་ཆེ་བས་སྤོང་དག་དང༌། སྐུ་མཚམས་དམ་པོ་མཛད་