R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༥༧
[A:༤༥༧]འདྲ་བྱས་པར་འདུག །འདིའི་ཆོ་འཕྲུལ་ན་ནིང་འོང་རྒྱུར་འདུག་ནའང༌། ན་ནིང་རང་རེ་དཔོན་སློབ་རྣམས་ཀྱིས་ཆོས་སྨར་པོ་བྱུང་བས་མ་ཚུགས་པར་གདའ། ཁར་སིང་ནས་ཀྱི་རྨི་ལམ་ཚབ་ཚུབ་དེ་པའང༌། རང་རེ་ལ་དཀར་ཕྱོགས་འདྲའི་ཆོ་འཕྲུལ་འདྲ་ཡིན་ཚོད་དུ་འདུག་མཚམས་བྱེད་པ་ཟླ་ཕྱེད་ཀྱི་འཕྱིས་ན་སྐྱོན་དུ་འགྲོ་བར་གདའ། དེ་ལ་སྐྱོན་དུ་སོང་ནའང་གཞན་སེམས་ཀྱི་འཁྲི་བ་ཅི་ཡང་མི་འདུག །ད་ལྟ་བོད་ན་སྡེ་སྣོད་ཀྱི་བཤད་ཉན་དར་པོ་ཡོད་པས་ཕར་ཕྱིན་ཐེག་པའི་བསྟན་པ་ལེགས་པོ་ཡོད། གསང་སྔགས་བླ་མེད་ཀྱང་ས་སྐྱ་ལ་སོགས་པའི་དགོན་པ་སོ་སོ་ན་དགའ་མོ་ཡོད། ཡོ་ག་འདི་བར་སྐབས་སུ་ཅུང་འགྲིབས་ནའང༌། ཕྱིས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་ཐུགས་རྩོལ་ཆེན་པོ་མཛད་ནས་གསོས་པའི་རྒྱུན་ད་དུང་ཡང་མ་ཉམས་པར་ཡོད། བྱ་སྤྱོད་གཉིས་པོ་འདི་དིང་སང་བཀའ་མ་ཆད་ཙམ་ལས་མི་འདུག་པས། འདི་གཉིས་སོས་པ་ཅིག་བྱུང་ན་བོད་དུ་བསྟན་པ་ཡོངས་སུ་རྫོགས་པ་ལེགས་པོ་ཅིག་འོང་བ་འདུག་སྙམ་སྟེ། དེ་ལ་ཆོས་རྗེ་རི་བོ་དགེ་ལྡན་པ་ཆེན་པོ། དང་ཚུགས་དང་གསང་སྔགས་ཀྱི་ཉམས་ལེན་ཕྱོགས་གཅིག་ཏུ་མཛད་པ་དང༌། བྱ་སྤྱོད་ཀྱི་སྤྱོད་ལམ་དང༌། དང་ཚུགས་མཐུན་ཤས་ཆེ་ཞིང་ཁོང་པ་གང་ཟག་སྟོབས་ཅན་ཡིན་པས་ཁོང་པས་ཐུགས་རྩོལ་མཛད་ན་སོས་པ་ཅིག་ཨི་འོང་སྙམ་ནས། དེ་ཁོ་ན་ལ་རྐང་བཙུགས་ཏེ་རི་བོ་དགེ་ལྡན་དུ་ཕྱིན་ནས་བླ་མའི་དྲུང་དུ་རྒྱུ་མཚན་ཞུས་པས། བླ་མའི་གསུང་ནས་ཁྱེད་ཀྱི་བསྟན་པའི་ཁུར་ངོ་མཚར་ཆེ་སྟེ། རང་རེ་གང་ལ་ཡིན་ཀྱང་སློབ་གཉེར་ནི་བྱེད་དགོས་པར་སྣང༌། སློབ་གཉེར་བྱེད་པ་མཉམ་པོ་ལ་བླ་མེད་ལ་བྱེད་པ་འདི་ཁེ་ཆེ་བར་སྣང་བས། བླ་མེད་ལ་བྱེད་པ་ཡིན་གསུངས་ནས་རང་རེའི་བཞེད་པ་དེ་མ་བྱུང༌། དེ་ནས་རང་རེས་རྩོལ་བ་བསྐྱེད་ནས་བྱ་སྤྱོད་ཀྱི་རྒྱུད་འགྲེལ་པ་རྒྱ་གཞུང་བོད་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱི་མཛད་པའི་ཡིག་ཆ་རྣམས་ལ་ལོ་བདུན་ཙམ་གྱི་བར་དུ་སློབ་གཉེར་བྱས། བྱ་སྤྱོད་གཉིས་ཀྱི་རྒྱུད་སྡེ་སྤྱིའི་རྣམ་གཞག་འདི་རྣམས་ཀྱང་བརྩམས་བྱས་