R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༥༤
[A:༤༥༤]ཡང་ཆོས་བར་གྱི་གནས་གང་འཐད་དུ་བྱོན་ནས་ཆོས་གསུངས་པ་ནི། ཕལ་ཆེ་བའི་དབང་དུ་བྱས་ན། དབྱར་དགུན་གྱི་ཆོས་དུས་རྒྱུད་སྡེ་ལ་སོགས་པའི་བཤད་པ་དང༌། སྒྲུབ་དཀྱིལ་ལ་སོགས་པའི་ལག་ལེན་གྱི་སྐོར་དང༌། གསུང་ངག་ལ་སོགས་པའི་ཁྲིད་ཀྱི་རིམ་པ་སྣ་ཚོགས་པ་གསུང་ཞིང༌། སྟོན་དཔྱིད་ཀྱི་དུས་སུ་རྡོ་རྗེ་ཕྲེང་བ་དང༌། ཟུར་བཀའི་རིགས་སྣ་ཚོགས་པ་གང་སྐབས་སུ་བབ་པའི་དབང་བསྐུར་རྣམས་ཟང་ཟིང་མེད་པའི་ཆོས་སྦྱིན་མཛད་པས། དེ་ལ་གཏད་ནས་ཕྱོགས་རིས་ཀྱི་དགེ་བའི་བཤེས་གཉེན་རབ་ཏུ་མང་པོ་བླ་མ་ས་བཟང་པས་དབང་སྦྱིན་གནང་གིན་ཡོད་པ་ཞུ་བ་ལ་འགྲོ་ཞེས་ཟེར་ཞིང་འབྱོན་པ་ཡིན་ནོ། །དེས་མཚོན་ནས་ཆོས་གང་གསུངས་ཀྱང་བསྟན་པ་འབའ་ཞིག་ལ་དགོངས་ནས་ཟང་ཟིང་མེད་པའི་ཆོས་སྦྱིན་ཁོ་ན་མཛད་དེ། ཤཱཀ་བཟང་སྐུ་འབུམ་དུ་སྔོན་གྱི་དུས་སུ་གསུང་ངག་ཞུ་བ་ལོངས་སྤྱོད་མང་པོ་འབུལ་དགོས་པའི་ལོ་རྒྱུས་ཅིག་བྱུང་བའི་ཚེ། རྗེའི་ཞལ་སྔ་ནས་སྔོན་གྱི་དུས་ན་བསྟན་པ་ཡར་སོའི་དུས་སུ་སོང་བས། གདུལ་བྱ་རྣམས་ཆོས་དོན་གཉེར་དང་ཆོས་ཕྱོགས་སུ་དཀའ་སྤྱད་དང་ལོངས་སྤྱོད་གཏོང་ཕོད་ཆེ་བས་གདུལ་བྱའི་རྒྱུད་ལ་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པའི་ཆེད་དུ། སྔོན་གྱི་བླ་མ་རྣམས་ཀྱིས་ལོངས་སྤྱོད་མང་པོ་འབུལ་བཞེས་མཛད་པ་ཡིན་ལ། དིང་སང་བསྟན་པ་འགྲིབ་ནས་གསུང་ངག་ལ་སོགས་པའི་བཀའ་ཆད་ལ་ཁད་དུ་སོང་འདུག་པས། གདུལ་བྱ་སྣོད་ལྡན་བྱུང་ན་གསུང་ངག་དང་དབང་བསྐུར་ལ་སོགས་པས་བརྡལ་གཏོད་ལྟ་བུ་བྱས་ནས་ཀྱང་བསྟན་པའི་རྒྱུན་ལ་ཕན་དུ་རེ་བྱེད་དགོས་པའི་དུས་སུ་འདུག་པ་ཞེས་གསུང་ངོ༌། །གཞན་ཡང་སྐབས་སུ་རྒྱུད་འབུམ་དང་ས་སྐྱ་བཀའ་འབུམ་ལ་སོགས་པའི་ལུང་རྣམས་གསུངས་སོ། །སྐབས་ཤིག་ཏུ་ཤཱཀ་བཟང་སྐུ་འབུམ་དུ་བདེ་མཆོག་རྩ་རྒྱུད་ཅིག་གསུངས་པའི་ཆོས་ཚུགས་ནས་ཞག་མང་རབ་སོང་བ་དང༌། འདར་པའི་དགེ་བཤེས་མཁན་ཆེན་ཤཱཀ་འོད་པ་དཔོན་སློབ་གཉིས་བྱོན་ནས། རྒྱུད་ཀྱི་བཤད་པ་གནང་དགོས་ཞུས་པས། རྒྱུད་ལ་དུམ་བུ་བྱས་ན་མི་དགའ་བས་ད་ལན་མི་འོང་ཞེས་ཞལ་ཏ་ནན་ཆེར་གནང་