R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༥༣
[A:༤༥༣]མཛད་པས་སྡོམ་པ་ཐོབ་པ་བཟང་བ་ཡིན་ནོ། །རིག་འཛིན་སྔགས་ཀྱི་སྡོམ་པ་ཡང༌། དེ་སྔ་ཡན་ཆད་ལ་རྡོ་རྗེ་ཕྲེང་བ་ཀྲྀ་ཡ་ས་མུཙྪ་དང་བཅས་པའི་དབང་བསྐུར་ཡོངས་སུ་རྫོགས་པ་ཚར་དྲུག་ཅུ་ཙམ་མཛད་པ་དེའི་སྒོ་ནས་གདུལ་བྱ་སྔགས་ཀྱི་སྡོམ་ལྡན་དུ་བྱས་པ་ཡང་བསམ་གྱིས་མི་ཁྱབ་ཅིང༌། གཞན་རྒྱུད་སྡེ་བཞི་དང་འགྲེལ་པའི་ཟུར་བཀའ་ནི། རྒྱུན་དུ་ཀ་མཛད་པ་སྔགས་ཀྱི་སྡོམ་པ་གནང་བའི་རྣམ་གྲངས་ཀྱང་རྗེ་རིན་པོ་ཆེ་ཉིད་ལས་མང་བ་འོང་ཐབས་ག་ལ་ཡོད། དེ་ལྟ་བུའི་དབང་བསྐུར་བ་དེ་ལ་སྤྱིར་རྒྱུད་སྡེ་བཞི་ལ། དབང་བསྐུར་གྱི་བབས་མི་འདྲ་བ་བཞི་ཡོད་པ་ལ། ནང་གསེས་གྱི་དབྱེ་བ་རྒྱུད་སྡེ་རེ་རེ་ལ་ཡང་མི་འདྲ་བ་མཐའ་ཡས་ཤིང༌། བརྒྱུད་པའི་བཀའ་སྲོལ་གྱི་དབང་གིས་དཀྱིལ་འཁོར་རེ་རེ་ལ་ཡང་དབང་བསྐུར་གྱི་ཆོ་ག་མི་འདྲ་བའི་ཁྱད་པར་དུ་མ་ཡོད་པ་རྣམས་ལ། དཀྱིལ་འཁོར་གང་དུ་རྒྱུད་སྡེ་དང༌། བརྒྱུད་པ་གང་གི་ལུགས་ཀྱི་དབང་བསྐུར་མཛད། ལུགས་དེ་ལ་དགོངས་ཤིང་བཤད་པའི་ཆོ་ག་རྣམས་ཚིག་གཅིག་ཀྱང་མ་ཚང་བ་མེད་པ་དང༌། ལུགས་དེ་ལ་མི་དགོས་ཤིང་མ་བཤད་པ་རྣམས་ཚིག་རེ་ཡང་མ་འདྲེས་པར་ཤིན་ཏུ་དག་པར་མཛད་པས། དེ་ལྟ་བུའི་དབང་བསྐུར་བ་རེ་རེ་ཐོབ་ན་ཡང་རྒྱུད་སྡེ་ནས་བཤད་པའི་དབང་མཚན་ཉིད་པ་རེ་ཐོབ་པ་ཡིན་པས་ཤིན་ཏུ་དོན་ཆེའོ། །ཕྱག་ལེན་གྱི་རྣམ་གཞག་འདི་གཅིག་པུས་ཀྱང་བསྟན་པའི་བྱི་དོར་དང་བླ་མ་གོང་མའི་དགོངས་པ་ལེགས་པར་གསལ་བར་བྱས་པ་ཡིན་ནོ། །དེ་ཡང་རྡོ་རྗེ་ཕྲེང་བ་ལ་སོགས་པ་དང༌། ཟུར་བཀའི་རིགས་ཇི་སྙེད་ཡོད་པ་རྣམས་ཀྱི་དབང་བསྐུར་དུས་ན་མཛད་དགོས་ཀྱང་དེ་འཕྲལ་ལ་ཐོགས་མེད་དུ་མཛད་པས་ཆོག་པ་ཡིན་ནོ། །དེ་ལྟར་སྡོམ་པ་གསུམ་གྱི་སྒོ་ནས་གདུལ་བྱ་སོ་སོའི་རྒྱུད་ཚོད་དང་མཐུན་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བཀོད་ནས་ཉམས་ལེན་གྱི་རིམ་པ་དཔལ་ལྡན་ས་སྐྱ་པའི་བླ་མ་གོང་མ་རྣམས་ཀྱི་གསུང་རབ་གཙོ་བོར་གྱུར་པའི་ཆོས་ཀྱི་འཁོར་ལོ་སྣ་ཚོགས་པ་རྒྱུན་དུ་བསྐོར་བར་མཛད་ལ། དེ་ཡང་དགུང་ལོ་བཞི་བཅུ་རྩ་བརྒྱད་དུ་ཕེབས་པ་ཡན་ཆད་གཙོ་ཆེར་གདན་ས་ཆེན་པོར་བཞུགས་ཤིང་གནས་སྐབས་སུ་ས་བཟང་དང༌། གཞན་