R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༥༢
[A:༤༥༢]ཚུལ་དང་ལམ་སྲོལ་ཇི་སྙེད་བྱུང་བ་ཀུན་སོ་སོའི་དགོངས་པ་ཇི་ལྟ་བ་བཞིན་ཁྱད་པར་ཕྲ་མོ་ཡོད་པ་ཡང་མ་འདྲེས་པར། མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་ལྟར། རྗེ་ཉིད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ལ་དུས་རྟག་ཏུ་གསལ་བར་བཞུགས་པ་ཡིན་ནོ། །གསུམ་པ་ཕྲིན་ལས་གཞན་དོན་ཇི་ལྟར་མཛད་པའི་ཚུལ་ནི། དགུང་ལོ་བཅོ་ལྔ་པ་ལ་ཁམས་པའི་གྲྭ་པའི་ལག་ལེན་ཁྲིད་པའི་སློབ་དཔོན་མཛད་པ་ནས་བརྩམས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་མཛད་ལ། དེ་ཡང་གདུལ་བྱའི་བསམ་པའི་དབང་གིས་ཁྲིད་ཚུལ་གྱི་རྣམ་པར་སྣ་ཚོགས་པས་ཁྲིད་པར་མཛད་མོད། འོན་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ནས་གདུལ་བྱ་རྣམས་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བཀོད་ནས། ལམ་ཉམས་ལེན་ལ་སྦྱོར་བར་མཛད་པ་ཡིན་ལ། དེ་ལ་སོ་སོར་ཐར་པའི་དབང་དུ་བྱས་ན་བསྙེན་པར་རྫོགས་པའི་དགེ་སློང་ཁྲི་ལྷག་པའི་མཁན་པོ་མཛད་ཅིང༌། གཞན་དགེ་བསྙེན་དང་དགེ་ཚུལ་བགྲངས་ཡས་པ་མཛད་དོ། །མདོར་ན་བོད་ཀྱི་དགེ་བའི་བཤེས་གཉེན་ཅིག་ལ་རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་མཛད་པའི་གྲངས་ཆོས་རྗེ་རིན་པོ་ཆེ་འདི་ལས་མང་བ་མ་བྱུང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་གདུལ་བྱ་སོ་སོའི་ཞེ་འདོད་ཀྱི་དབུ་མ་ལུགས་དང༌། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་གང་རུང་རེ་ཞུ་བ་དང༌། གཉིས་ཀ་ཞུ་བ་ལ་གང་ལ་གང་འདོད་ཀྱི་སྒོ་ནས་བྱང་སེམས་ཀྱི་སྡོམ་པ་དང་ལྡན་པར་མཛད་པ་མཐའ་ཡས་ཤིང༌། ཁྱད་པར་གསུང་ངག་རིན་པོ་ཆེ་གནང་བའི་དུས་ཐམས་ཅད་དུ་སྔགས་ལམ་ལ་འཇུག་པའི་སྔོན་དུ་རྗེ་བཙུན་ག་ཡ་དྷ་ར་ནས་བརྒྱུད་པའི་སེམས་བསྐྱེད་ཀྱི་ཆོ་ག་དག་ཅིང་རྒྱས་པར་གསལ་བར་མཛད་པས། བྱང་སེམས་ཀྱི་སྡོམ་པ་གནང་བ་ཡང་བསམ་ལས་འདས་པའོ། །དེ་ལྟ་བུའི་སྡོམ་པ་གང་འབོགས་ཀྱང༌། ལས་སླ་དང༌། དཀའ་ཚེགས་ལ་ཅུང་ཟད་ཀྱང་མི་གཟིགས་པར་རང་རང་གི་ལུགས་ཀྱི་ཆོ་ག་གང་ཡིན་པ་དེ་འགལ་འཁྲུལ་ནོར་བ་དང༌། སྲ་སྲེའི་ཉེས་པས་གཏན་ནས་མ་གོས་པར་ཆོ་གའི་ཡན་ལག་ཕྲ་མོ་ཙམ་ལ་ཡང་རྩེག་འདམ་ཆེན་པོ་མཛད་ནས་ཤིན་ཏུ་དག་པར་