R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༥༡
[A:༤༥༡]རྣམས་ཨཱརྱ་དེ་བས་མཛད་པ་ལ་སོགས་པ། སངས་རྒྱས་ཐོད་པའི་དཀའ་འགྲེལ་ཡེ་ཤེས་ལྡན། ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས། དཀྱིལ་ཆོག་གཏོར་ཆོག་རྣམས་ས་ར་ཧ་པས་མཛད་པ། མི་འཇིགས་པའི་གཞུང་འགྲེལ། མ་ཧཱ་མཱ་ཡའི་སྒྲུབ་དཀྱིལ་ཀུ་ཀུ་རི་པས་མཛད་པ། རྫོགས་རིམ་དེ་ཁོ་ན་ཉིད་གསལ་བ། དུས་འཁོར་གྱི་དབང༌། རྡོར་དབྱིངས་འགྲེལ་པ་ལུགས་ཀྱི་དབང༌། ཁམས་གསུམ་རྣམ་རྒྱལ། རྩེ་མོ་རིགས་བསྡུས། དཔལ་མཆོག་རིགས་བསྡུས། དཔལ་མཆོག་རྡོར་སེམས། ཀུན་རིག་རྩ་བའི་དཀྱིལ་འཁོར། ཕྱག་རྡོར་འཆི་འཇོམས། མི་འཁྲུགས་པ། འཇམ་དཔལ་ཡོན་ཏན་ཀུན་འབྱུང་རྣམས་ཀྱི་དབང་གསན་ནོ། །གསན་པའི་རྣམ་གྲངས་འདི་རྣམས་ཀྱང་རགས་པ་ཙམ་མདོར་བསྡུས་ནས་བྲིས་པ་ཡིན་ལ། རྒྱས་པར་ཞིག་ཏུ་གསན་ཡིག་ཏུ་ཤེས་པར་བྱ་ཞིང༌། དེར་མི་བཞུགས་པའི་གསན་པའི་རྣམ་གྲངས་ཀྱང་མཐའ་ཡས་པར་ཤེས་པར་བྱའོ། །དེ་ལྟར་གསན་པ་རྣམས་ལ་གཟིགས་རྟོག་དང་ཐུགས་བསམ་དང་ཉམས་ལེན་མཐར་ཕྱིན་པར་མཛད་ཅིང༌། གཞན་ཡང་དངོས་སུ་མ་གསན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ལ་ཡང་གཟིགས་རྟོག་མཐར་ཕྱིན་པར་མཛད་ནས་སྒྲོ་འདོགས་ལེགས་པར་ཆོད་དེ། བཀའ་འགྱུར་དང༌། བསྟན་འགྱུར་གྱི་གླེགས་བམ་རྣམས་ཀྱི་ནང་ན་བརྫུས་མ་མང་པོ་ཡོད་པ་རྣམས་ཚིག་རེ་ཡང་མ་འདྲེས་པར་རྒྱུ་མཚན་དང་བཅས་པ་གསལ་བར་རྟོགས་ནས་ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ། །གཞན་ཡང་བོད་ཀྱི་དགེ་བའི་བཤེས་གཉེན་བསྟན་པ་ལ་བྱ་བ་བྱས་པ་ཕལ་ཆེ་བའི་གསུང་རབ་རྣམས་ཀྱང་གཟིགས་ནས་དེ་དག་གི་དགོངས་པ་ཡང་ལྷག་མ་མ་ལུས་པར་ཐུགས་ལ་མངའ་བ་ཡིན་ནོ། །མདོར་ན་རྒྱ་གར་དང་བོད་དུ་མདོ་སྡེ་དང་རྒྱུད་སྡེའི་བསྟན་པ་གང་དུ་བྱུང་ཞིང་དར་བ་དང༌། གང་ལ་འཕེལ་བ་དང༌། གང་ནས་བརྒྱུད་པ་དང༌། ལམ་སྲོལ་ཇི་ལྟར་བཀྲལ་བ་དང༌། དེ་དག་གི་སྲོལ་འཛིན་ཇི་ལྟར་བྱུང་བ་ལ་སོགས་པ་ཐམས་ཅད་ལོ་རྒྱུས་དང་བཅས་པ་ཐུགས་སུ་ཆུད་ནས། འགྲེལ་