R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༥༠
[A:༤༥༠]པ་ཀུན་ལས་བཏུས་རྣམས་ས་བཟངས་པའི་ཊཱི་ཀའི་སྟེང་ནས་གསན། ཡང་བྱང་ཆུབ་གཞུང་ལམ། མ་ཏི་པཎ་ཆེན་གྱི་བཀའ་འབུམ་ལ་སོགས་པ་གསན་ནོ། །ཡང་དེ་ལྟ་བུའི་སྐབས་ཤིག་ཏུ། སྔར་གྱི་ལྟ་བུའི་ཁམས་འདུས་ཅིག་བྱུང་བ་ལ། ཆོས་རྗེ་འཕགས་པའི་དྲུང་དུ། རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་གཞན་མང་པོ་གསན་ཀྱང་མ་ཕན་པ། གསང་འདུས་འཇམ་རྡོར་ས་ལུགས་ཀྱི་དབང་གསན་པས་ཁམས་འདུས་དེ་ལས་གྲོལ་ཏེ། ཏིང་ངེ་འཛིན་ཁྱད་པར་ཅན་དུ་མ་འཁྲུངས་སོ། །དེ་ནས་སྟག་གི་ལོ་ལ། ཆོས་རྗེ་འཕགས་པའི་གསུང་གིས་ངེད་ཀྱང་ཡུན་རིང་པོ་ཨེ་སྡོད་མི་ཤེས་པས། ཁྱེད་རང་ཡང་ཆོས་ཀྱི་འཕྲོ་རྣམས་ཞུ་བ་ལ་བརྩོན་འགྲུས་བསྐྱེད་པ་དང༌། ས་བཟང་དགོན་བཟུང་ལ་བཀའ་ལུང་རྣམས་ཀྱིས་གཞན་ལ་ཕན་པ་རྒྱུན་མི་འཆད་པར་གྱིས་ཤིག་ཅེས་སོགས་ཞལ་ཏ་མང་པོ་གསུངས་ཤིང༌། ཀྲྀ་ཡ་ས་མུཙྪའི་གླེགས་བམ་དང༌། དམ་ཚིག་རྡོ་རྗེ་དྲིལ་བུ་ཞིག་དང༌། ཆོས་དུང་རྣམས་གནང་ནས་རྒྱལ་ཚབ་ཏུ་མངའ་གསོལ་བསྟན་པའི་ཁུར་ཕོག་པས་ཐུགས་ཀྱི་དགོངས་པ་མཐར་ཕྱིན་པ་གྲུབ་པར་གྱུར་པ་ཡིན་ནོ། །གཞན་ཡང་ཐམས་ཅད་མཁྱེན་པ་གཡག་སྟོན་ཆོས་རྗེའི་དྲུང་དུ། རྣམ་འགྲེལ། རིགས་གཏེར། རྒྱུད་བླ་མ་ལ་སོགས་པ་དུ་མ་གསན་ནོ། །གཞན་ཡང་བླ་མ་དམ་པ་བཀྲ་ཤིས་རིན་ཆེན་པའི་དྲུང་དུ། གསང་འདུས། སྤྱན་རས་གཟིགས་ལྷ་བཅུ་དགུའི་མའི་དབང༌། སྒྲུབ་ཐབས་རྒྱས་པ་དང་བསྡུས་པ་ཇོ་བོ་རྗེས་མཛད་པ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང༌། བདེ་མཆོག་སྦྱངས་པའི་ཡོན་ཏན་གྱི་དབང༌། ལ་བ་པས་མཛད་པའི་དཀྱིལ་ཆོག །མཻ་ཏྲི་པའི་བདེ་མཆོག་བཅུུ་གསུམ་མའི་དབང༌། སྒྲུབ་ཐབས་མཻ་ཏྲི་པས་མཛད་པ། རྟག་པའི་རྡོ་རྗེའི་ཆོས་གསུམ་ལ་སོགས་པ་གསན། བདེ་མཆོག་སྡོམ་འབྱུང་གི་འགྲེལ་པ་རཏྣ་རཀྵི་ཏས་མཛད་པ། རྡོ་རྗེ་གདན་བཞིའི་འགྲེལ་པ་བྷ་ཝ་པས་མཛད་པ། རྣལ་འབྱོར་ནམ་མཁའི་སྒྲུབ་ཐབས། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། དཀྱིལ་ཆོག་སྙིང་པོ་མདོར་བསགས། ཤིང་གཅིག་གི་དཀའ་འགྲེལ་