R79: གྲུབ་ཆེན་བུདྡྷ་ཤྲཱི་བའི་རྣམ་པར་ཐར་པ།

  • Pagination (Witness A): ༤༡༥
[A:༤༡༥]མཛད་དོ། །དེ་དག་གི་བར་ལ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ལས་མ་ཎིའི་ལུང་དང༌། ཆོས་རྗེ་ས་བཟང་པཎྜི་ཏ་ལས་དུས་ཀྱི་འཁོར་ལོའི་དབང༌། ཡུམ་རྒྱས་པའི་ལུང་ལ་སོགས་པ་དང༌། འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་རྒྱལ་སྲས་ཐོགས་མེད་པ་ལས་དེ་ཉིད་ཀྱིས་མཛད་པའི་བློ་སྦྱོང་དོན་བདུན་མ། རྟེན་འབྲེལ་སྙྀང་པོ། སྐྱིད་སྡུག་ལམ་ཁྱེར་རྣམས་ཀྱི་ཁྲིད། སེམས་བསྐྱེད་ལུགས་གཉིས་ཀའི་ཆོ་ག །སྨྱུང་གནས་ཀྱི་ཆོ་ག་རྣམས་ཞུས། ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ་ལས་གསང་འདུས་རིམ་ལྔའི་དམར་ཁྲིད་དེ་ཉིད་ཀྱིས་མཛད་པ་དང༌། རྒྱལ་སྲས་རིན་པོ་ཆེའི་བཀའ་འབུམ་འཐོར་བུ་བ། བསྙུང་གཞི་ལ་ཕན་པའི་ཕྱིར་དུ་རྡོ་ཟ་བའི་མན་ངག་རྣམས་ཞུས་ཤིང་ནད་ཞི་བར་བྱིན་གྱིས་བརླབ་པ་མཛད་དོ། །དུས་ཀྱི་འཁོར་ལོ་བ་ཆེན་པོ་ཕྱོགས་ལས་རྣམ་རྒྱལ་ལས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་བཤད་པ་ནོད། རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་སྐུ་རྒྱལ་བ་བྲག་ཕུག་པ་ཆེན་པོའི་སློབ་མ་ཆོས་རྗེ་དཀོན་མཆོག་རྒྱལ་མཚན་པ་ལས་ས་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད། གཤེད་དམར་ལྷ་བཅུ་གསུམ་མ། སྒྲོལ་མ་བཅུ་བདུན་མ། འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་རྣམས་སུ་དབང་བསྐུར་བ་ཞུས་ཤིང༌། མོས་གུས་དང་བྱིན་རླབས་ཚད་མེད་པ་ཐུགས་རྒྱུད་ལ་འཁྲུངས་སོ། །གཞན་ཡང་སྐྱེས་བུ་དམ་པ་མང་པོ་ལས་དམ་པའི་ཆོས་མང་དུ་གསན་ཅིང༌། གཙོ་ཆེར་རྣམ་འགྲེལ་གྱི་སློབ་གཉེར་བརྩོན་པ་དྲག་པོ་མཛད་དོ། །སྔོན་ཡབ་མཁན་པོར་སོང་བས་དེ་ལ་སྲས་བྱུང་བ་ཞབས་འདྲེན་ཆེ་བསམ་ནས། ཡུམ་གྱིས་རྗེ་ཉིད་མངལ་དུ་ཞུགས་པའི་ཚེ། སྦྱོང་སྨན་མང་དུ་བཏང་བའི་མཐུས་སྐུ་ལུས་ཤིན་ཏུ་ངན་པ། ཕོ་བ་ལ་ནད་དྲག་པོ་སྐབས་འགའ་རེར་ཟུག་རྔུ་བཟོད་བརླག་མེད་པ་འབྱུང་བ་ཅིག་ཡོད། དེ་ལ་ལྷ་རྗེ་སོགས་ཀྱིས་ཀྱང་ཆེར་མ་ཕན་པ་ལ། རྒྱུས་ཡང་འགའ་ཞིག་ན་རེ། མུས་ཀྱི་མཁར་སྟེང་ན་མ་གཅིག་ཆོས་སྒྲོན་ཟེར་བའི་སྒྲུབ་པ་མོ་མངོན་ཤེས་ཅན་ཁྱད་འཕགས་ཅིག་ཡོད། དེས་ནད་པ་མང་པོ་ཕན་གྱིན་འདུག་ཟེར་ནས་དེར་བྱོན་པས། ཁྱེད་ཀྱི་འདི་སྔོན་ལས་སུ་གདའ་བས་ཕུག་སངས་སངས་རང་མི་འགྲོ། འཕྲལ་