R79: གྲུབ་ཆེན་བུདྡྷ་ཤྲཱི་བའི་རྣམ་པར་ཐར་པ།

  • Pagination (Witness A): ༤༡༦
[A:༤༡༦]སློབ་གཉེར་ལ་མི་གནོད་པ་ཙམ་ཅིག་འོང་ལགས་ཀྱི་གསུངས་ནས། གཅོད་ནམ་མཁའ་སྒོ་འབྱེད་ཅིག་བསྟན། དེ་ཀ་རྒྱུན་དུ་མ་ཆགས་པར་མཛད་དོ། །ད་སློབ་གཉེར་ལ་གནོད་པས་འདིར་མ་བཞུགས་པར་བྱོན། སྤྱིར་སློབ་དཔོན་ཉིད་ཐུགས་དམ་ཅིག་མཛད་ན་ལེགས་པར་གདའ་གསུངས། དམིགས་པ་དེ་རྣམས་མཛད་པས་སྔར་བས་ཅུང་དྲག་པར་གྱུར་ནས་སློབ་གཉེར་ལ་འབད་པ་ཆེན་པོ་མཛད་དེ། སྐུ་ལུས་སྡུག་བསྔལ་བའི་ངང་ནས་རྣམ་འགྲེལ་གྱི་སློབ་གཉེར་མཐར་ཕྱིན་ཏེ། དཔལ་ལྡན་ས་སྐྱར་གྲ་སྐོར་མཛད་ནས་ཉི་ཐོག་གི་ལས་པ་དང་ཆུད་ཁའི་འཆད་ཉན་རྣམས་མཛད་དོ། དེ་ནས་བྱི་བའི་ལོ་ལ་བླ་མ་ཆོས་སྒྲོན་ཅན་དུ་བྱོན་ནས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཅིག་ཞུས། ཐོག་མེད་པའི་རྩིག་སྐྱོར་ཅིག་ཏུ་བསྒོམ་པས་ཉམས་མྱོང་བཟང་པོ་སྐྱེས། སྦྱོར་དྲུག་གི་རྟགས་སྣང་ཕལ་ཆེར་དེ་དུས་ཤར་འདུག་ཟེར། འཇིག་རྟེན་སྣང་བ་ལ་ཞེན་ལོག་དང་ཉམས་ལེན་ཁོ་ན་བྱ་དགོས་སྙམ་པའི་བློ་དྲག་པོ་འཁྲུངས། མཁར་སྟེང་དུ་ཚེ་དང་སྒྲུབ་པ་མཉམ་པར་བྱ་སྙམ་ཡང་མ་གཅིག་ན་རེ། ད་ལེན་ས་སྐྱར་བྱོན་མཛོད། དེར་འཇམ་དབྱངས་ཀྱི་སྤྲུལ་པ་ཅིག་ལ་མན་ངག་ཆེན་པོ་བཞིས་མྱོང་བ་རྒྱུད་ལ་སྐྱེ་བའི་རྟེན་འབྲེལ་འགྲིག །མན་ངག་དེ་རྣམས་དངོས་སུ་སྟོན་མཁན་གྱི་བླ་མ་ཅིག་དང་ལས་བཟང་པོའི་འབྲེལ་པ་ཚུད་པར་གདའ་བས་ཅི་ནས་ཀྱང་བྱོན་གསུངས་ནས་ས་སྐྱར་བྱོན་པས། རྒྱལ་བའི་རྒྱལ་ཚབ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་ཉིད་བོ་དོང་གི་ཆོས་འཁོར་ཚར་ནས་ས་སྐྱར་ཕེབས་པ་དང་འཛོམ། མཇལ་ཏུ་ཕྱིན་པས་འགྲོ་མགོན་ཆོས་རྗེ་ཞལ་ལུ་ཁང་གསར་ནས་ཤིང་ཁང་བླ་བྲང་དུ་ཆོས་གསུང་དུ་འབྱོན་གྱིན་འདུག་པ་ལ་བྱིན་རླབས་ཞུས་པས། དཔོན་ཆེན་དབང་ཕྱུག་དཔལ་ཞལ་ཏ་ཅིག་ཞུ་བ་དང་ཐུག་ནས་ཁོང་གི་ཞལ་ཏ་དེ་ཞུ་བ་མ་ཚར་བར་ལ་སྒྲོལ་མ་ཚར་གཅིག་འདོན་རིན་ཙམ་ཅིག་བྱུང་བ་དེ་བར་རྗེ་ཉིད་ཀྱི་ཕྱག་གིས་བླ་མའི་དབུ་སྐྲ་ནས་བཟུང་ནས་བཞུགས་པས་དགའ་སྤྲོ་ཁྱད་པར་ཅན་སྐྱེས། ཕྱི་ནང་གི་རྟེན་འབྲེལ་གྱི་གནད་ཅིག་དེ་ནས་འགྲིག །ཆོས་རྗེ་ཉིད་འཇམ་དབྱངས་དངོས་ཡིན་པར་ཐག་ཆོད་སྙམ་པའི་དད་པ་ཤུགས་