R79: གྲུབ་ཆེན་བུདྡྷ་ཤྲཱི་བའི་རྣམ་པར་ཐར་པ།

  • Pagination (Witness A): ༤༢༧
[A:༤༢༧]ལ་ཁོང་ནད་ཐུ་མོ་ཅིག་ཡོད་པ་ལ་གཅོད་ཀྱི་དམིགས་པ་འདྲ་བྱེད་དུ་བཅུག་པས་ཆེར་མ་ཕན་པ། འབྱུང་པོ་ཅིག་གི་བར་ཆད་ཡིན་པ་འདྲ། གུར་མགོན་གྱི་རྗེས་གནང་ཅིག་ཞུས་གསུངས། ཉི་ཤུ་དགུ་ཅིག་ལ་ཞུས་པས་བཀའ་བསྒོ་བྱེད་པའི་དུས་སུ་འདིའི་བར་ཆད་ཞི་བར་གྱིས་གསུངས་པའི་ཚེ། ལུས་ཉམས་བྱུང་སྟེ་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་བཞིན་པ་ལ། གཏོར་མ་ཕྱག་ཏུ་བཟུང་ནས་འཕར་ཏེ་ཁོང་གི་སྟེང་དུ་འཕགས་པ་བྱུང༌། དེ་ཀས་ནད་གཞི་དེ་ལས་གྲོལ་ལོ། །དེ་ལ་སོགས་པ་ཇི་ལྟར་བཀའ་བསྒོས་པ་བཞིན་དུ་སྒྲུབ་པའི་ལོ་རྒྱུས་ཡང་ཡང་དུ་སྣང་ངོ༌། །སྟག་གི་ལོ་ལ་ད་ལོ་ས་སྐྱར་འགྲོ། ད་ལན་ལས་མི་སླེབ་གསུངས་ནས་བྱོན། ས་སྐྱ་ས་བཟང་གཉིས་སུ་ཟླ་བ་དགུ་བཞུགས། དེའི་ཚེ་སྒོ་རུམ་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྐུ་ལ་ཤེལ་རྒྱན་དང་ན་བཟའ་དང་གཏོར་མ་ཅོད་པན་མང་པོ་ཕུལ་ནས་གསོལ་བ་བཏབ་པས། ས་སྐྱ་པ་ཅུང་ཟད་དྲག་ཏུ་འགྲོ་བའི་རྟེན་འབྲེལ་ཅིག་འདུག་གསུངས། དེའི་ཚེ་སྡེ་སྣོད་མཐའ་དག་གི་དབང་ཕྱུག་མཁས་པའི་དབང་པོ་ཆོས་རྗེ་སངས་རྒྱས་དཔལ་བ་ལ་སོགས་པ་དགེ་བའི་བཤེས་གཉེན་མང་པོས་དབང་བཀའ་དང་ཁྲིད་དང་མན་ངག་མང་དུ་ཞུས། བདག་གིས་ཀྱང་ཆོས་ཞུ་འཕྲོ་ཐམས་ཅད་རྫོགས་པར་མཛད་ནས། ང་སེམས་བདེ་གསུངས་ནས་རི་ཁྲོད་དུ་བྱོན་ནོ། །ཡོས་ལོ་ནས་ལོ་གསུམ་དུ་སྐུ་མཚམས་དམ་པར་མཛད། དགེ་བཤེས་གལ་ཆེན་རེ་རེ་ཙམ་ལ་འདོད་ཆོས་སྣ་རེ་ཙམ་གནང་བ་མ་གཏོགས་ཉིན་མཚན་ཁོར་ཡུག་ཏུ་ཏིང་ངེ་འཛིན་བསྒོམས་པས་རྟོགས་པ་བཟང་པོ་འཁྲུངས་སོ། །རྟ་ལོར་བདག་གིས་ལོ་གཅིག་ཙམ་དབུས་ལ་ཕྱིན་ན་འཆིའམ་ཞུས་པས། ཁྱོད་ན་ནིང་ནས་ཀྱང་ཡང་ཡང་འགྲོ་ཟེར་གྱིན་འདུག་ནའང༌། ངེད་ལ་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་གནང་བའི་གདམས་ངག་འདི་རྣམས་ཁྱོད་ལ་རྫོགས་པ་ཅིག་འཕྲོད་ན་སྙམ་པ་དེ་སྔར་མ་ཚར་བ་དང༌། ཆོས་རྗེ་འཕགས་པ་པའི་སྐུ་ཚེ་ཇི་འདྲ་འོང་མི་ཤེས་པས་སྡོད་བྱས་པ་ཡིན། ད་ལན་སོང་དབུས་སུ་ལོ་བཞི་འགོར་བར་འདུག །རྟེན་འབྲེལ་དགའ་མོ་ཅིག་བྱུང་བས་བར་ཆད་མི་འོང༌། ང་ཡང་མ་ཤི་ཙམ་དང་འཕྲད་པར་འདུག་གསུངས་ནས་སྐུ་མཚམས་སྔར་བས་དམ་དུ་བཏང༌། ཐུགས་དམ་ལ་དྲིལ་བས་རྫོགས་རིམ་གྱི་རྟོགས་པ་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་