R79: གྲུབ་ཆེན་བུདྡྷ་ཤྲཱི་བའི་རྣམ་པར་ཐར་པ།

  • Pagination (Witness A): ༤༢༨
[A:༤༢༨]སོ། །བྱ་ལོ་ཟླ་བ་ལྔ་པ་ལ་བདག་གིས་དབུས་ནས་ས་སྐྱར་སླེབ་དུས། རྗེ་ཉིད་སྐུ་ཁམས་བསྙེལ་པོ་ཡོང་ཟེར་བ་ཐོས། དེ་འཕྲལ་མཇལ་དུ་ཕྱིན་པས་དགོན་པའི་རྩར་སླེབས་པ་དང༌། ཉེ་གནས་ནམ་མཁའ་མགོན་བསུ་བ་ལ་བྱུང༌། བདག་གིས་ང་འོང་པ་སུ་ལས་ཚོར་བྱས་པས། གཞན་སུ་ལ་ཡང་མ་ཚོར། ཁར་སང་ཟླ་བ་སྔ་མ་ནས་བླ་མས་ས་སྐྱར་སླེབ་ཡོད། གྲབས་གྱིས་ཡང་ཡང་གསུངས། ཁྱད་པར་ཁར་སང་དེ་རིང་གཉིས་བྱ་ར་གྱིས་གསུངས་ནས་བྱ་ར་བྱས་པ་ལགས་ཟེར། སླེབས་འཕྲལ་སྐུ་མདུན་དུ་མཇལ་བས་སྐུ་བསྙེལ་པོ་རང་ལས་མི་འདུག་ན་ཡང་ཤིན་ཏུ་མཉེས། ཇ་མང་དུ་གསོལ། གསུང་གླེང་མང་དུ་མཛད། སང་ཚ་བའི་དུས། ཁར་སང་ཟླ་བ་སྔ་མའི་ཚེས་ལྔའི་ནུབ་རྨི་ལམ་བཞིན་ཟ་ཟི་ཅིག་ལ་འགྲོ་མགོན་ཆོས་རྗེ་བྱོན་ནས་ཁྱོད་རང་གི་སློབ་མ་དེ་ཚེས་བརྒྱད་ལ་སླེབ་པ་ཡོད། ཁོས་གསོལ་བ་བཏབ་ན་ད་དུང་ལོ་བཞི་མི་འཆི་གསུང་བ་ཅིག་བྱུང༌། དེ་དོན་གྱིས་ཁྱོད་སླེབ་བམ་སྙམ་པ་ད་སླེབ་པ་དེ་ལེགས། དོ་ནུབ་ཚེས་བརྒྱད་ཡིན་པ་འདྲ་བས་ཁྱོད་ཀྱིས་མགོན་པོ་གདོང་བཞི་པའི་བསྐང་གསོ་ཅིག་གྱིས། ཞིང་སྐྱོང་འདིས་ན་ནིང་ནས་ལམ་སྒྲུབ་པའི་གྲོགས་ཁྱད་འཕགས་ཞིག་བྱས་གསུངས། སྤྱིར་ཕྱི་ནང་གི་རྟེན་འབྲེལ་འདི་ངོ་མཚར་ཆེ་བ་ཅིག་འདུག །ཁར་སང་ཇ་འཐུངས་པ་དང༌། ལབ་མང་བས་ཁམས་ཟློག་གམ་སྙམ་པ་བྱུང༌། ནམ་མགོན་ཡང་དེ་སྐད་ཟེར་གྱིན་འདུག་ན་ཡང༌། ད་ཕན་འདུག་གསུང༌། དེ་ཉིན་ཇ་དང་གསུང་གླེང་མང་དུ་ཞུས། ཉིན་ཕྱེད་ཙམ་དུས་དྲུང་ནས་ན་ནིང་ནས་ཐུགས་དམ་འཕེལ་པོ་ནི་བྱུང་གདའ། བསྐྱེད་རྫོགས་ཀྱི་རྟོགས་པ་རྣམས་སྔར་དང་ཁྱད་ཇི་ཙམ་འཕེལ། སྟོང་གཟུགས་རྣམས་བརྟན་པོ་བདོག་གམ་ཞུས་པས། སྟོང་གཟུགས་ཕྲ་ཆིལ་ཆིལ་བ་དེ་ང་སྒོམ་ཁང་དུ་བསྡད་མ་བསྡད་འདྲ་བར་འདུག །བསྐྱེད་རྫོགས་ཀྱི་རྟོགས་པ་གཞན་དེ་ཀ་ལ་ཡོད་གསུངས། ཅུང་ཟད་ཅིག་ནས་ཞལ་འཛུམ་མཛད་ནས། བདག་གི་རྣ་བ་གཡོན་པ་ནས་ཕྱག་གཡས་པས་འཐེན་གསང་གྲོས་ཀྱི་ཚུལ་དུ་གསུང་ཆུང་ངུ་མཛད་ནས། ཨང་ཀེ །ཨང་ཀེ །ན་ནིང་ནས་དགེ་སྦྱོར་འཕེལ་པོ་བྱུང༌། བཤང་གཅིའི་གསེབ་ན་སེམས་ཅན་སོགས་ཡེ་མེད། ལུས་ལ་ཤིག་མེད། དམྱལ་བར་སོང་ན་དགའ་སྟེ།