R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༣༩༡
[A:༣༩༡]བའི་དགེ་འདུན་མཁས་ཤིང་བཙུན་པ་བསྟན་པ་འཛིན་པའི་གནས་བརྟན་ཆེན་པོ་བཅུ་བདུན་ཙམ་གྱི་དབུས་སུ་ལྕགས་མོ་ལུག་དབོའི་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉི་མ་བཞི་ཆ་ཤར་བའི་དུས་སུ་བོ་དོང་བྱ་རྒོད་གཤོངས་ཀྱི་གཙུག་ལག་ཁང་དུ། གཅན་པོ་འཇམ་པའི་དབྱངས་དོན་ཡོད་རྒྱལ་མཚན་དཔལ་བཟང་པོ་དང་སྐུ་མཆེད་གཉིས་བསྙེན་པར་རྫོགས་པར་མཛད་དོ། །མཁན་ཆེན་བསོད་ནམས་གྲགས་པ་དང༌། མཁན་ཆེན་བསོད་ནམས་བཟང་པོ་པ་ལས་འདུལ་བ་མདོ་རྩ། ལུང་སྡེ་བཞི་ལ་སོགས་པ་འདུལ་བའི་ཆ་ལག་ལག་ལེན་དང་བཅས་པས་ཐོག་དྲངས་ཏེ། ཆོས་ཀྱི་རྣམ་གྲངས་དུ་མ་གསན་ནོ། །དེ་ནས་བཟུང་སྟེ་འདུལ་བའི་སྤང་བླང་གི་ཉེས་ལྟུང་ཕྲ་མོ་ཡང་ཁྱད་དུ་མི་གསོད་ཅིང༌། ཕམ་ལྷག་སོགས་ཀྱི་ཉེས་པས་མི་གོས་པ་ཡིན་ནོ། །ཡང་དཔལ་ལྡན་ས་སྐྱའི་ཆོས་ལུགས་སངས་རྒྱས་ནས་ད་ལྟའི་བར་དུ་སྙན་བརྒྱུད་བཞིས་གདམས་པ་བར་མ་ཆད་པའི་བྱིན་རླབས་ཀྱི་བརྒྱུད་པ་དང་གདམས་པ་དང་ལྡན་པའི་སྒྲུབ་རྒྱུད་ཀྱི་བསྟན་པ་འཛིན་པ་རྣམས་ཀྱི་མཆོག །སྐྱེས་བུ་དམ་པ་རྣམས་ཀྱིས་བསྟེན་པའི་ཆོས་ཀྱི་རྗེ་བྲག་ཕུག་པ་ཆེན་པོ་བསོད་ནམས་དཔལ་བའི་དྲུང་དུ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དབང་བྱིན་རླབས་ཁྲིད་མན་ངག་ཐམས་ཅད་ལག་ལེན་དམར་ཁྲིད་དུ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དེ། ལུས་དཀྱིལ་གྱི་དབང་བསྐུར་བའི་ཚེ། ལུས་དཀྱིལ་གྱི་ལྷ་ཚོགས་ལུས་ཀྱི་གནས་དེ་དང་དེ་རུ་བྱོན་ནས་བཞུགས་པའི་སྣང་བ་བྱུང༌། བདེ་དྲོད་ལ་སོགས་པའི་ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས། གཞན་ཡང་བདེ་མཆོག་ལོ་ནག་དྲིལ་གསུམ། གཤེད་དམར་ལྷ་བཅུ་གསུམ་མ། འཇིགས་བྱེད་རྭ་ལུགས། མ་ཧཱ་མཱ་ཡ། སྒྲོལ་མ་ལྷ་བཅུ་བདུན་མ། རིགས་གསུམ་སྤྱི་དབང༌། ཕག་མོ་སྐོར་གསུམ། ཆོས་སྐྱོང་ཆེ་ཆུང་ལ་སོགས་པའི་དབང་བྱིན་རླབས་རྗེས་གནང༌། ཆོས་རྗེ་ཁུ་དབོན་གྱི་བཀའ་འབུམ་ཕལ་ཆེ་བ་དང༌། ལུང་མན་ངག་མང་པོ་གསན་