R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༣༩༢
[A:༣༩༢]ཏེ་བརྒྱུད་པ་འདི་ལས་ཐོབ་པ་རྣམས་ལ་མཐིལ་དུ་མཛད། རྩ་བའི་བླ་མ་མཆོག་ཀྱང་ཆོས་རྗེ་འདི་ལ་མཛད་དོ། །བླ་མ་འདིས་ཆོས་རྗེ་ཉིད་ལ་ཡང་ཧོར་གྱིས་གདན་འདྲེན་འོང་བ་འདུག་སྟེ། དེར་བྱོན་ན་འགྲོ་དོན་ཆེན་པོ་འོང་བར་འདུག་སྟེ་སྐུ་ཚེ་ཐུང་བར་འདུག །འོན་ཀྱང་འབྱོན་མི་དགོས་པ་བྱེད་མཁན་འདྲ་འོང་བར་འདུག་ཅེས་དང༌། བོད་འདིར་དུས་སྐབས་ངན་པ་འཆར་ཞིང་ཡུན་རིང་བསྡད་ཀྱང་མི་ལེགས་པ་མང་པོ་མཐོང་བར་འདུག་ཅེས་པ་དང༌། ད་ལོ་བཅུ་ལྷག་ཙམ་ན་མར་ས་སྐྱ་པ་ལ་འབྱུང་ཚུལ་ལ་སོགས་པ་མ་འོངས་པ་མང་པོ་ལུང་བསྟན་ཏོ། །ཡང་གཅེན་པོ་ཀུན་དགའ་ཉི་མ་དང༌། ཏི་ཤྲཱི་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་དོན་ཡོད་རྒྱལ་མཚན་པ་རྣམས་ལས་ཀྱང་ཐུགས་བསྐྱེད་དང་ཚད་མ་ལ་སོགས་པའི་ཆོས་ཅུང་ཟད་གསན། ཀུན་སྤངས་ཆེན་པོའི་བུ་ཆེན་ཆོས་རྗེ་བྲག་ཁ་བ་གྲགས་པ་སེང་གེ་ལས་དུས་འཁོར་གྱི་དབང༌། སྦྱོར་དྲུག །ཐུགས་རྗེ་ཆེན་པོའི་དམར་ཁྲིད། གཅོད། གཟེར་ལྔ། དཀའ་ཐུབ་ཀྱི་སྐོར་ལ་སོགས་པ་མང་དུ་གསན། བླ་མ་སྲོན་པ་ཆོས་དཔལ་བཟང་པོ་པ་ལས་སྦྱོར་དྲུག །ཁོང་པ་རང་གི་ལུགས་སྲོག་རྩོལ་གྱི་མན་ངག །གཤིན་རྗེའི་གཤེད་ཀྱི་ཆོས་སྐོར་ལ་སོགས་པ་མང་དུ་གསན། སྐད་གཉིས་སྨྲ་བའི་དབང་པོ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལས་དབུ་མ་སྐོར། ཕར་ཚད་མངོན་སུམ། སྒྲ་དང་སྙན་ངག །སེམས་འགྲེལ་སྐོར་གསུམ་ལ་སོགས་པ་མདོ་སྔགས་ཀྱི་གཞུང་འགྲེལ་དུ་མ་གསན་ནོ། །ཡང་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་པ་ལས་འཕགས་དུས་ཡོ་ག་གསུམ་ལ་སོགས་པ་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་བླ་མ་དེ་ཉིད་ལ་མངའ་བ་རྣམས་ཕལ་ཆེར་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཡང་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་པ་ལས་ཁམས་གསུམ་རྣམ་རྒྱལ་གྱི་དབང་ལ་སོགས་པ་མདོ་སྔགས་ཀྱི་ལུང་མན་ངག་དུ་མ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཡང་གན་པ་རིན་ཆེན་རྒྱལ་མཚན་པ་ལས་གུར་རིགས་བསྡུས། གསང་འདུས་