R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༣༩༩
[A:༣༩༩]གཅིག་གི་ཚེ། སྲོད་ཅིག་དགེ་བཤེས་འདྲ་དང་ཆོས་ཀྱི་གསུང་གླེང་མཛད་པའི་དོན་ཚིགས་བཅད་དུ་དྲུང་ནས་མཛད་བསྙེལ་དགོས་ནས་མུན་ནག་ལ་ཕྱག་ཡིག་མཛད། མི་ཉག་ཤེར་རྒྱལ་དྲུང་ན་ཡོད་པས། དྲུང་ནས་ཕྱག་ཡིག་བྱང་དྲགས་པས་རྒྱུས་ཐོག་ནས་འོང་པ་ལགས་སམ་ཞུས་པས། འམ་འབུ་ལ་འོད་གསལ་གྱི་སྣང་བ་ཟླ་བ་ཤར་བའི་སྣང་བ་ཙམ་ཅིག་རྒྱུན་དུ་ཡོད་པས་བྲིས་པ་ཡིན་གསུངས་ཏེ། སང་བལྟས་པས་ཉིན་པར་བྲིས་པ་དང་ཁྱད་མི་འདུག་པ་དང༌། མངོན་པར་ཤེས་པ་ལ་སོགས་པ་ཅི་རིགས་པ་མངའ་ཞིང་ལུང་སྟོན་པ་ལ་སོགས་པ་མངའ་སྟེ། དགེ་བཤེས་ཅིག་ཆོས་རྫོང་ནས་གོང་དཀར་དུ་འགྲོ་བ་ཅིག་གིས་ཕྱག་དབང་དང་སྐུ་ཁམས་ཞུས་པས། ཕྱིན་པ་ལེགས་པར་འོངས་ལྷག་པའི་ལྷ་དང་མཇལ་བར་འདུག་གི་ཅེས་གསུངས་པས། གཡས་རུ་ལ་འགྲོ་བའི་ཚེ་ཀོ་བའི་ནང་ནས་ཡིད་དམ་དྲན་པར་བྱས་ཏེ་གསོལ་བ་བཏབ་པས། སྲིན་པོ་རི་ངོས་ཀྱི་ནམ་མཁའ་ལ་འཁོར་ལོ་བདེ་མཆོག་ཞལ་མཐོང༌། ཏིང་ངེ་འཛིན་དང་རྟོགས་པ་བསམ་གྱིས་མི་ཁྱབ་པ་སྐྱེས་པས་ཆོས་རྗེ་ཉིད་ལ་རྡོ་རྗེ་འཆང་དངོས་ཀྱི་མོས་པ་སྐྱེས་ཞེས་པ་དང༌། རང་རང་སོ་སོའི་སྣང་ངོར་མང་དུ་གསུངས་ཤིང༌། དེ་དང་དེའི་དུས་སུ་ལ་ལས་མ་གོ །ཡང་དུས་ཕྱིས་ཆོས་རྗེས་གསུངས་པ་དེ་མ་འོངས་པ་མཁྱེན་པར་ཤེས་པ་ཡིན། ཡང་ཆོས་རྫོང་དུ་དབང་བསྐུར་བ་མཛད་པ་ཅིག་གི་ཚེ། དབང་རྫས་རྡོ་དྲིལ་རིམ་པས་གཏད་པ་ན་བླ་མ་ལེགས་པ་བྱ་བ་ཕལ་པ་ཅིག་ཡོད་པ་དེའི་མདུན་དུ་སླེབས་ཙ་ན། དྲུང་གིས་ཕྱག་དྲིལ་ཁྱེར་ཤོག་གསུངས་ནས་གནང་སྟེ། ཕྱིས་གསང་ཕུ་བྲག་ནག་གི་གདན་ས་བྱས་པས་གསང་སྔགས་ཀྱི་ལག་ལེན་ལ་དེ་བས་འགྲོ་དོན་ཆེ་བ་མེད་པ་ཅིག་བྱུང་བ་དང༌། བདག་ལ་ཡང་གཞོན་དུས་ཁྱོད་ཀྱིས་ཁྲིད་གཉེར་གྱིས་ཤིག་གསུངས་པས་ཕྱིས་ཁྲིད་འདྲ་འདེབས་དགོས་པའི་རྟེན་འབྲེལ་དུ་གོ །སྒོམ་ཆོས་ཀྱི་གནད་དང་ལག་ལེན་མང་དུ་ཐོས་ཤིང་མཐོང་བས་སྐུ་དྲིན་ཆེ་བར་བྱུང་བ་དང༌། གཞན་ཡང༌། གསུམ་པ་ཕྲིན་