R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༤༠༠
[A:༤༠༠]ལས་གཞན་དོན་ཇི་ལྟར་མཛད་པའི་ཚུལ་ནི། བསྡུ་བ་བཞིའི་སྒོ་ནས་གོང་མའི་གནང་སྦྱིན་ལ་སོགས་པ། བླ་མ། དཔོན་ཆེན། རྒྱ་བོད་ཀྱི་སྡེ་པ། གྲ་པ་བུ་སློབ་དད་པ་ཅན་རྣམས་ཀྱིས་ཕུལ་བ་དང༌། ཕྱག་རྫས་བསམ་གྱིས་མི་ཁྱབ་པ་བྱུང་བ་རྣམས་བླ་མ་གོང་མ་རྣམས་ཀྱི་ནང་རྟེན་ཕྱི་རྟེན། གཡའ་ལུང་འཇག་གཤོངས་ལ་སོགས་པ་དེ་དག་གི་ཞིག་གསོས་དང༌། བསམ་ཡས་ཀྱི་གཙུག་ལག་ཁང་ཞིག་གསོས། ལྷ་སའི་ཇོ་བོའི་ཁྲི་རྒྱབ་གསར་དུ་སྤོས་པ། ཆོས་རྫོང་དང་བོ་དོང་ཨེ་རུ་གཙུག་ལག་ཁང་ཆེན་པོ་གཡུ་ཐོག་ཅན། དགེ་འདུན་གྱི་ཀུན་དགའ་ར་བ་ཆེན་པོ་དང་བཅས་པ་བཞེངས་པ་དང༌། གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ། སྦྱིན་གཏོང་མཛད་དེ་ཐོག་མར་བླ་མ་རྣམས་ཀྱི་ནང་རྟེན་དང་ཐུགས་དམ་ལ་ཐུབ་པའི་གསེར་སྐུ་ཁུ་ཚད་མ་གདུང་རིང་བསྲེལ་དུ་མ་བཞུགས་པ་ཅིག་བཞེངས་ནས་རབ་གནས་མཛད་པའི་དུས་སུ་བཅོམ་ལྡན་འདས་ཐུབ་པའི་ཕྱག་ལས་བདུད་རྩི་འོ་མའི་རྒྱུན་ལྟ་བུ་འཛག་པ་གསོལ་བ་རྨིས་པས་ཏིང་ངེ་འཛིན་དང་རྟོགས་པ་བརྟན་པོ་མང་པོ་འཁྲུངས་ནས་རྟེན་འབྲེལ་ལེགས་པོ་ཅིག་བྱུང་བས་ང་སྐྱིད་དུ་སོང་གསུངས། རྟེན་གསུངས་མང་པོའི་དྲུང་དུ། གདུགས། རྒྱལ་མཚན། རྔ་བོ་ཆེ་དང༌། དཀར་མེ་ལ་སོགས་པ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཕུལ་བས། དད་པ་ཅན་གྱི་བསོད་ནམས་བསགས་པའི་བསྟན་པའི་རྒྱུན་འཕེལ་བའི་དམིགས་རྐྱེན་མཛད་པ་ཡིན་ནོ། །བོ་དོང་དང་བསམ་ཡས་སུ་དབུས་གཙང་གི་ས་ཆ་ལ་བཞུགས་པའི་ཆོས་སྡེ་ཆེན་པོའི་བླ་མ་མཁན་སློབ། སྡེ་སྣོད་འཛིན་པའི་དགེ་འདུན་རྒྱ་མཚོ་ལྟ་བུ་སྤྱན་དྲངས་ནས། ཆོས་རྗེའི་དྲུང་ནས་ཐུགས་བསྐྱེད་གསུངས་པ་ལ་སོགས་པ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ། ཟང་ཟིང་གི་སྦྱིན་པ་གསེར་དངུལ། གོས་དར། ཇ་སྣམ་དང༌། ནས་ཀྱི་ཕུང་པོ་རི་རབ་ཙམ་གསུམ་གྱི་ཐོག་དྲངས་པའི་འཛམ་བུའི་གླིང་པའི་འབྱོར་པའི་བྱེ་བྲག་ཕུན་སུམ་ཚོགས་པས་དགེ་བའི་བཤེས་གཉེན་རྣམས་ལ་འབུལ་བ་དཔག་ཏུ་མེད་པ་དང༌། དགེ་འདུན་དང་སྐྱེ་བོའི་ཚོགས་གྲངས་མེད་པ་ལ་གསེར་ལ་