R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༣༩༨
[A:༣༩༨]གསུངས་པས་དེའི་ལྟས་སུ་འདུག་གསུངས་པ་དང༌། དེའི་དུས་སུ་སྟོད་ལུང་ནས་དགེ་བཤེས་ཤེས་རབ་རྡོ་རྗེ་བྱ་བས་གྲོགས་པོ་མང་པོ་དང་བཅས་པ་ཆོས་རྗེའི་དྲུང་དུ་མཇལ་དུ་འོང་པས། ཆོས་རྗེ་ཉན་པོ་ཆོས་ཁྲིའི་ཁ་ན་བཞུགས་པ་རྒྱང་རིང་པོ་ནས་འཇམ་པའི་དབྱངས་ཉིད་འོད་ཟེར་དང་བཅས་ནས་ཆོས་གསུངས་པ་མངོན་སུམ་དུ་མཐོང་བས། རང་དབང་མེད་པ་དད་པས་ལག་པའི་སོར་མོ་རྣམས་བཅད་དེ་མཎྜལ་དུ་བཀོད་ནས་ཕུལ་ཀྱང་དེ་ལ་ལྗགས་ཆབ་བཏབ་བྱིན་རླབས་མཛད་པས་རྗེས་མི་མངོན་པ་སོར་མོ་སོས་པ་བྱུང་བ་ལ་སོགས་པའི་དག་པའི་སྣང་བ་དང་བྱིན་རླབས་དང་ནུས་པ་དུ་མ་ཐོབ་པ་བྱུང་ངོ༌། །གཉིས་པ་ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི། རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་ཅིང་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་རྟོགས་ཏེ། ཀུན་རྫོབ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་རྐྱེན་ལ་ཡིད་ཆེས་ཤིང་ཐབས་ལ་མཁས་པས་རྒྱུ་ལམ་འབྲས་བུའི་བླང་དོར་གྱི་ཆ་ལ་མ་རྨོངས་ཀྱང་ཀུན་རྫོབ་དེ་ཉིད་དོན་དམ་པར་སྐྱེ་འགག་གནས་གསུམ་དང་བྲལ་བའི་དབྱིངས་རང་བཞིན་གྱིས་སྟོང་པ་ཉིད་བདེན་གཉིས་དབྱེར་མེད་ཆུ་ནང་གི་ཟླ་བ་དང༌། ལྐུགས་པའི་རྨི་ལམ་བཞིན་བརྗོད་བྲལ་དུ་སྒྲོ་འདོགས་ཆོད་པས། གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཀྱི་འཆད་རྩོད་རྩོམ་པའི་ཚུལ་ཆེས་ཕུལ་དུ་བྱུང་བས་ཤེས་བྱའི་དཀྱིལ་འཁོར་ལ་མི་འཕྲོགས་པའི་མཁྱེན་རབ་ཚད་མེད་པ་མངའོ། །གསུམ་པ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ནི། ཀུན་རྫོབ་ཀྱི་བདེན་པ་ཟག་བཅས་ཟག་མེད་དུ་གནས་གྱུར་པའི་ཆ་དང༌། དོན་དམ་ཆོས་ཉིད་རྟོག་བཅས་རྟོག་མེད་དུ་མངོན་དུ་གྱུར་པའི་ཆ་དང༌། སྤངས་རྟོགས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་ཡོན་ཏན་ཀྱང་བསམ་གྱིས་མི་ཁྱབ་པ་མངའ་བ་རྣམས་ནི་གཞན་གྱིས་ཚད་བཟུང་བར་མི་རུང་བས་ཤེས་པར་མི་ནུས་སོ། །ཅུང་ཟད་བརྗོད་ན་དབང་བཞིའི་ཡེ་ཤེས་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་ལ་མངའ་འབྱོར་པའི་རྟགས་ནི། དབུས་སུ་དུས་