R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༣༩༧
[A:༣༩༧]ལ་ལ་དག་ན་རེ་ཆོས་རྗེ་པ་འདི་ཡང་ཕྱག་རྫས་རྣམས་དོན་མེད་ལ་ཟ་རུ་འཇུག་ཅིང་སུ་དཔྲལ་ཀོ་མཐུག་མཐུག་གིས་གང་ཞུ་ཞུ། རང་ཕྱོགས་ཞབས་ཏོག་བྱེད་པ་བས་གཞན་ཕྱོགས་ནས་གནོད་པ་འཆོལ་ཚད་བྱེད་པ་ཚོ་ལ་ཐུགས་རྩིས་ཆེ་ཞིང་ཐུགས་ལ་འདོགས་པ་དགྲ་གཉེན་ངོ་མི་ཤེས་པ་ཞིག་སྟེ། འཇིག་རྟེན་གྱི་འདུན་མ་དང་ཚེ་འདིའི་དཔོན་འོང་བ་དེ་མིན། མགོ་འདོན་བདག་གཉེར་ཞུན་གཞན་ལ་ཡོད་པ་ཡིན་ཏེ་ཞེས་སྐྱེ་བོ་ཐམས་ཅད་སྨྲ་མོད། སྐྱེས་བུ་དམ་པ་རྣམས་ཚེ་འདིའི་ཆེད་དུ་རང་ཕྱོགས་གཅེས་པར་བཟུང་ནས་སྐྱོང༌། གཞན་ལ་སྡང་བས་སུན་འབྱིན་པ་ནི་དམ་པ་མ་ཡིན་པས། ཆོས་རྗེ་ཉིད་ནི་དགྲ་གཉེན་ཐམས་ཅད་མཉམ་པ་ཉིད་དུ་དུས་ཚོད་གནས་སྐབས་བསྟུན་ན་ཇི་ལྟར་ཕན་འདོགས་པར་ནུས་པས་ཕན་བདེ་ལ་འགོད་པར་མཛད་པ་ཞིག་གོ་ཞེས་དམ་པ་རྣམས་ནི་ཆོས་རྗེ་ཉིད་ལ་བསྔགས་པར་མཛད་དོ། །རིག་པ་འཛིན་པའི་དམ་ཚིག་ཉི་ཤུ་ལ་བསླབ་ཚུལ་གསུམ་དང༌། ཉིན་ཞག་ཕྲུགས་གཅིག་ལ་ལམ་དུས་ཀྱི་དབང་བཞི་རྒྱས་བསྡུས་གང་རུང་རྡོ་རྗེ་འཆང་ནས་ད་ལྟའི་བར་དུ་བརྒྱུད་པ་བར་མ་ཆོད་པ་ལེན་པ་དང༌། རྒྱུན་དང་ཁྱད་པར་གྱི་དུས་སུ་བཤགས་སྡོམ་ལ་སོགས་པས་དུས་རྟག་པར་རིག་པ་འཛིན་པའི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་དང་ལྡན་པའི་རྡོ་རྗེ་འཛིན་པ་ཚད་ལྡན་ཡིན་ནོ། །མདོར་ན་གསང་སྔགས་ཀྱི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་ལ་རྟག་པར་སྤྱོད་པས་དུས་འདའ་ཞིང༌། བསྡུ་བ་བཞིས་སེམས་ཅན་གྱི་དོན་མཛད་པས་ཚུལ་ཁྲིམས་གསུམ་རྣམ་པར་དག་པ་དང་ལྡན་པའོ། །འཕན་ཡུལ་གྱི་དྲོ་བ་ཀུན་མཁྱེན་ཞེས་པ། ཕ་དམ་པ་དང་ཤ་ཝ་རི་དབང་ཕྱུག་ལ་སོགས་པ་ཞལ་གཟིགས་ཤིང་གསུང་གླེང་ཡོད་པ་སྒྲུབ་པ་ཁོ་ན་ལ་བཞུགས་པའི་མཁས་པ་ཆེན་པོ་ཅིག་བཞུགས་པའི་ཏིང་ངེ་འཛིན་གྱི་སྣང་བ་ལ་ཉན་པོ་དགོན་པ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་མང་པོ་ལ་ཆོས་གསུང་གིན་འདུག་པ་ཅིག་བྱུང་བས། ཞག་འགའ་ནས་ཆོས་རྗེ་པ་དེར་བྱོན་ནས་ཕར་ཕྱིན་