R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༤༡ན
[A:༤༡ན]ཅན་མཐོང་བའི་ཚེ། མཆོད་པའི་ཁྱད་པར་དང་བཅས་པས་གསོལ་བ་བཏབ་ན་རྣལ་འབྱོར་དབང་ཕྱུག་གིས་སྟོན་ཞེས་རྗེ་ཉིད་ཀྱིས་གསུང་ངོ་། །བླ་མ་ལ་གུས་པ་ལ་བླ་མ་ཡབ་སྲས་ངེས་པར་རྡོ་རྗེའི་འཆང་ཡིན་པ་ལ་ཐེ་ཚོམ་མི་མངའ་བར། ཞལ་བཞུགས་པ་ན་སྐུ་གསུང་ཐུགས་ཇི་ལྟར་མཉེས་པ་བཞིན་བསྒྲུབས་ནས། ཐ་ན་ཀྱལ་ཀའི་ཕྱིར་ཡང་གསུང་མ་བཟློག སྐུ་འདའ་བའི་ཚེ་ཡང་བདག་ཉིད་གླུད་དུ་གཏོང་བའི་བར་དུ་མཛད། སྐུ་འདས་པ་ན། ཅི་ཡོད་བླ་མའི་ཕྱིར་དུ་གཏོང་། དངོས་རྫས་ལ་འཛིན་པ་མེད་པ་ནི། ཆོས་འཁོར་ཡང་རིམ་པ་གསུམ་མཛད། རྒྱུན་དུ་དགེ་འདུན་བརྒྱ་ཕྲག་རེ་ལ་ཚུགས་བཙུགས། དབུ་རྩེ་རྙིང་མར་གྲགས་པའི་གཙུག་ལག་ཁང་འདི་བཞེངས། བླ་མ་དཀོན་མཆོག་རྒྱལ་པོའི་ནང་རྟེན་གསེར་གྱི་གདུང་ཁང་། བླ་མ་ས་ཆེན་གྱི་ནང་རྟེན་བཀྲ་ཤིས་སྒོ་མང་། སློབ་དཔོན་རིན་པོ་ཆེ་དང་གཅུང་གི་ནང་རྟེན་གསེར་སྐུ་རྣམས་བཞེངས། དེ་དག་གི་དྲུང་དུ་མར་མེ་མཚན་ཐུབ་བརྒྱ་རྩ་བཙུགས། ཆེན་པོ་ལ་འོས་པའི་གདུགས་དང་རྒྱལ་མཚན། བླ་བྲེ་ཆེན་པོ་དང་། དྲིལ་བུའི་གདུང་རིང་གདུང་ཁེབས་ལ་སོགས་མང་དུ་ཕུལ། རིན་པོ་ཆེའི་མདོ་མང་དང་རྒྱུད་འབུམ་ལ་སོགས་པ་བཀའ་འགྱུར་ཕལ་ཆེར་གསེར་ལས་བཞེངས་ནས་གསུང་སྒྲོགས་རྒྱ་ཆེར་མཛད། ཕྱག་ཏུ་འབུལ་བ་བྱུང་བའི་རིན་པོ་ཆེ་དང་དཀར་པོ་འདྲེས་པའི་འབུམ་ཆ་སུམ་བརྒྱ་ལྷག་པ་བྱུང་བ་ལ། བརྒྱ་ཕྲག་གཅིག་བླ་མ་གོང་མའི་གདུང་གི་དྲུང་གཙུག་ལག་ཁང་འདིར་ཕུལ། གཞན་རྣམས་བསྟན་པ་རྒྱས་པར་བྱ་བའི་ཕྱིར་གཙུག་ལག་ཁང་གཞན་དང་དགེ་བཤེས་དུ་མའི་ཕྱག་ཏུ་ཕུལ། གཞན་ཡང་