R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༤༡བ
[A:༤༡བ]གཅུང་པ་བ་གུག་ཤི་ཇོ་འབུམ་བྱ་བའི་སློབ་མ་གཅིག་མི་ཉག་རྒྱལ་རྒོད་ཀྱི་བླ་མཆོད་ལ་ཕྱིན། དེ་ནས་དངུལ་གྱི་སྤྱད་ཆ་དང་། གོས་ཁྱད་པར་ཅན་མང་པོའི་ཕོད་ཁ་དང་། བླ་བྲེ་ཤ་བ་མ་ལ་སོགས་པ་ལོངས་སྤྱོད་རྒྱ་ཆེར་འབུལ་བ་བྱུང་། དེ་ལ་སོགས་པ་ཆོས་དང་ཟང་ཟིང་གི་འབུལ་བ་རྒྱ་ཆེན་པོ་བྱུང་བ་ཐམས་ཅད་དཀོན་མཆོག་མཆོད་པ་དང་། སྡུག་ཕོངས་ལ་སྦྱིན་པ་རྒྱ་ཆེན་པོ་མཛད་པས། བདེ་བ་ཅན་དུ་གཤེགས་པ་ན་གདན་དང་ན་བཟའ་ཕྲུགས་གཅིག་མ་ཡིན་པ། གསེར་ཏིལ་འབྲུ་ཙམ་མམ། ཡོ་བྱད་བྲེ་གང་རི་བ་མ་བཟུང་བ་དེ་ནི་ངོ་མཚར་ཆེ་བ་ཡིན་ནོ། །བཞི་པ་ནི། རྗེ་ཉིད་ཀྱི་ཞལ་ནས། ཁོ་བོ་ལོ་ཉི་ཤུ་པའི་གཡང་དབར་ཉི་ཕྱེད་ཅིག་གཉིད་དུ་སོང་བའི་རྨི་ལམ་དུ་མཚན་བརྗོད་བཏོན་པས། ཕྱེད་ཙམ་འཐོན་ཙ་ན་གཉིད་སད། ཡང་ལོ་ཉེར་གཅིག་པའི་གཡང་བར་ཉི་ཕྱེད་ཅིག་ཙོག་གཉིད་དུ་སོང་བའི་རྨི་ལམ་ན་སྐྱེ་བ་སྔ་མ་ལ་བཟུང་བ་ཡིན་བྱས་ཏེ་མཚན་བརྗོད་ཚར་གཅིག་ཁ་དོན་དུ་བཏོན་པ་རྨིས་པའི་རྗེས་སུ་འཕགས་པ་འཇམ་དཔལ་སྐྱེ་བ་བདུན་གྱི་བར་དུ་ཡི་དམ་གྱི་ལྷའོ་ཞེས་ལུང་བསྟན་པ་རྨི་གསུང་། ལོ་ཉེར་གཉིས་པའི་དུས་དེ་ཀ་ཙ་ན་ཉལ་བའི་རྨི་ལམ་དུ་རྒྱ་གར་གྱི་ཡུལ་ཤར་ཕྱོགས་བྷ་རེནྡྲ་ན་རིན་པོ་ཆེའི་ནགས་རྒྱས་པ་ཅིག་ཡོད། དེ་ན་རི་ལ་དགོན་པ་ཅིག་ན་སྔགས་པའི་པཎྜི་ཏ་བགྲེས་པོ་གཅིག་ཏུ་ཡོད་པ་ལ། དེའི་བྱང་ན་ཡུལ་ཆེན་པོ་གཅིག་གི་བྱང་ངོས་ན་རྒྱལ་པོས་ལྷ་ཁང་བརྩིགས་ནས་རབ་གནས་ཞུ་རུ་བྱུང་བས་ང་རྒས་ནས་མི་ནུས། ངའི་མིང་སྒོ་མཐའ་ཡས་པའི་བློ་གྲོས་བྱ་བ་ཡིན། མིང་དེ་སྒོ་གོང་ལ་བྲིས་ལ་ཞོག་དེས་བར་ཆད་བསྲུང་བ་ཡིན། དེ་ནས་ངའི་སློབ་མ་པཎྜི་ཏ་གཞན་ཞིག་ལ་གྱིས་བྱས་