R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༤༠བ
[A:༤༠བ]རྟོགས། སྒྲུབ་ཐབས་བརྒྱ་རྩའི་ཊཱི་ཀ ཤཱཀྱའི་རྒྱལ་པོའི་གདུང་རབས། བོད་ཀྱི་རྒྱལ་པོའི་རྒྱལ་རབས་མདོར་བསྡུས་པ། རྒྱ་བོད་ཀྱི་སྡེ་པའི་གྱེས་ཚུལ། དུས་ཚོད་ངེས་པར་བཟུང་བའི་རྩིས། ག་རིང་རྒྱལ་པོ་ལ་རྩིས་བསྡུར་གྱི་ཡི་གེ ལས་དང་པོ་པའི་ཆོས་སྤྱོད་རིན་ཆེན་ཕྲེང་བ། སྡོམ་པ་ཉི་ཤུ་པའི་འགྲེལ་པ། སྤྱོད་འཇུག་གི་ས་བཅད། ཕྱག་ཡིག་དགུ་ཕྲུགས་ཀྱི་ཡི་གེ ཉམས་དབྱངས་ཆེན་མོ་སོགས་གསུང་མགུར་གྱི་ཚོགས་དུ་མ། སྨན་དཔྱད་རྒྱལ་པོའི་དཀོར་མཛོད་རྣམས་ལ་སོགས་པ། བླ་མ་འདིས་མཛད་པའི་བསྟན་བཅོས་རྣམས་ནི་སྡེབ་སྦྱོར་གཙོ་བོར་མི་མཛད་པར་ཕན་པ་ལྷུར་མཛད་མོད་ཀྱང་། བརྗོད་བདེ་ཞིང་རྟོགས་སླ་ལ་རྣ་བར་སྙན་པས་མཁས་པ་རྣམས་ཀྱི་ཡིད་འཕྲོག་པ་ཁོ་ན་ཡིན་ནོ། །བླ་མ་རྗེ་པ་འདིའི་མཆན་དང་འཁོར་ལོའི་དཔེ་བྲིས་མཛད་པ་ནི། གཉགས་མ། ལམ་འབྲས་གེགས་སེལ་མཆོག་དབང་གསུམ་གྲོལ་ལམ་ལ་བརྟེན་ཏེ་བསྐུར་བ། བསམ་མི་ཁྱབ་ཀྱི་གཞུང་རིན་ཆེན་འབར་བ། དྲིལ་བུ་སྐོར་གསུམ། སྦྱོང་རྒྱུད། དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད། ཕྱག་འཚལ་ཉེར་གཅིག་གི་མངོན་རྟོགས། ལམ་གྱི་ཡན་ལག་དང་བཅས་པ་ཉི་མ་སྦས་པས་མཛད་པ། སྨྲ་སྒོ་མཚོན་ཆ་ལྟ་བུའི་མཆན་དང་། དཔའ་བོ་གཅིག་སྒྲུབ་ཀྱི་དཔེ་བྲིས་རྣམས་མཛད་དོ། །གཞན་ཡང་གྲུབ་པའི་མཚན་མ་ངོ་མཚར་བ་ཐོབ་པ་ནི། ཡི་དམ་ལྷས་བྱིན་གྱིས་བརླབས་པ་དང་། བསམས་ན་ཤེས་པའི་མངོན་ཤེས་དང་། ལྷ་ཀླུ་དག་གིས་དྲིས་པའི་ཐེ་ཚོམ་སེལ་བ་དང་། དགོས་པ་ཁྱད་པར་གྱི་ཚེ་ལྷ་ཀླུ་ལ་སོགས་པ་ཇི་ལྟར་བསྒོ་བ་ཉན་པ་དང་། ཉིད་ཀྱིས་རྟོགས་པར་དཀའ་བ་འགའ་ཞིག་དགོས་པ་ཁྱད་པར་