R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༧ན
[A:༣༡༧ན]ཆེ། །ཀུན་ཀྱང་མི་རྟག་འཇིག་ཆོས་ཅན། །ང་མི་ཚེ་རིང་ན་རིང་བས་དགའ། །རང་གི་ལུས་ངག་ཡིད་གསུམ་གྱི། །སྤྱོད་ལམ་བྱ་བ་ཆེ་ཕྲ་ཀུན། །བསྟན་འགྲོ་ཡི་དོན་ལས་མ་འདས་ཤིང་། །རང་དང་ཉེ་གནས་ཀྱི་གྲོགས་ཀུན་ཀྱང་། །རྟག་ཏུ་ཆོས་མཐུན་གྱི་ལས་སྤྱད་ནས། །རང་གཞན་ཀུན་གཏན་ལེགས་ཀྱི་འདུན་མ་བྱས། །འདུན་མ་དེ་གེགས་མེད་འགྲུབ་སྟེ་མཆིས། །མི་ཁོ་བོའི་ཉེ་གནས་རྣམས་སྐལ་བ་བཟང་། །ཡང་འཆི་བར་གྱུར་ཀྱང་འགྱོད་པ་མེད། །བསྟན་འགྲོ་ལ་ཕན་འདོད་ཀྱི་ལྷག་བསམ་དང་བཅས། །སྔར་བྱས་ཀྱི་སྡིག་པ་ཀུན་བཤགས་ཤིང་། འདིར་སྣང་གི་བྱ་བ་སྣང་མེད་པོ། །ཅི་བྱས་སྡུག་བསྔལ་གྱི་རྩ་བ་ལ། དོན་མེད་ཀྱི་འཁྲི་བ་ཀུན་བཅད་དེ། །བླ་མ་དང་དཀོན་མཆོག་ལ་བློ་གཏད་ནས། །འཕོ་བ་དང་སྨོན་ལམ་གྱི་མཚམས་སྦྱར་ཏེ། །ཞིང་བདེ་བ་ཅན་དུ་སྐྱེ་བར་སྨོན། །གནས་མཆོག་དེར་བུ་སློབ་གདུལ་བྱ་སོགས། །འགྲོ་བ་ཀུན་རིམ་བཞིན་འདྲེན་པར་རེ། །ཅི་བྱས་ཀྱང་བདེ་བའི་བློ་གདེང་འདི། །རྗེ་དུས་གསུམ་སངས་རྒྱས་མི་གཟུགས་ཅན། །ཕ་མཚན་ལྡན་བླ་མའི་དྲིན་ལས་ཐོབ། །སྔོན་བྱོན་གྱི་བརྒྱུད་པའི་བླ་མ་རྣམས། །ཁོང་ལ་ལ་སྦས་པའི་རྣལ་འབྱོར་གྱི། །བྷུ་སུ་ཀུ་ཡི་ཚུལ་གྱིས་བསྟན་པ་སྐྱོང་། །ཁ་ཅིག་ན་སྨྱོན་སྤྱོད་ཐོ་ཅོ་མཁན། །འར་འུར་དང་ངན་སེམས་ཅལ་ཅོལ་ཚུལ། །ལ་ལ་དག་ཐོས་བསམ་སྒོམ་གསུམ་དང་། །འཆད་རྩོད་རྩོམ་པ་ཡི་བསྟན་པ་སྤེལ། །དེ་ཀུན་ཀྱང་སངས་རྒྱས་སུ་རོ་གཅིག་ཀྱང་། །འཕྲལ་གདུལ་བྱའི་ལས་སྣང་ཐ་དད་པས། །ཁོང་འདུལ་བྱེད་སྐུ་ཡང་དེ་དེར་སྣང་། །དེ་དུས་ཀྱི་དུས་མཚུངས་སློབ་མ་རྣམས། །