R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༦ན
[A:༣༡༦ན]དེངས་ནས། ཀུན་ཀྱང་དབང་དུ་འདུས་པའི་ཆོས་དང་སྲིད་ཀྱི་དཔལ་འབྱོར་འབད་མེད་ལྷུན་གྲུབ་ཀྱི་སྒོ་ནས་ཟང་ཟིང་གི་ལོངས་སྤྱོད་སོགས་བློས་མི་འཁྱུད་པ་ཙམ་ཡོང་ཞེས་གསུང་བ་སོགས་དང་། ཡང་གླིང་དགའ་ཆོས་གྲྭ་ཟུར་དུ་བདེ་མཆོག་རྩ་བཤད་ཀྱི་རྒྱུད་རྣམས་གནང་སྐབས། རྒྱུད་ཟབ་མོ་འདི་རྣམས་ཕུགས་ཡུལ་ས་སྐྱའི་སྔགས་དགོན་བདེ་ཆེན་གླིང་དུ་རྒྱུད་འདོན་ཐབས་རྒྱས་པ་རེ་ཁྱེད་རང་གིས་རྩོམས་ལ་ཚུགས་ཤིག་གསུང་བ་དང་། ཡང་ས་སྐྱ་པ་དྲག་ཞན་མེད་ཁྱེད་རང་ལ་མགོ་འབུལ་ལུས་འབུལ་བྱེད་པ་ཞིག་ཡོང་ངོ་ཞེས་གསུངས་པ་སོགས་དུས་ཕྱིས་འདི་བཞིན་གྱི་གདན་སའི་ཁུར་དགོས་པའི་ལུང་བསྟན་ངེས་ཤེས་ཅན་མང་དུ་ཡོད་ཀྱང་། འདིར་ཡི་གེར་འཇིགས་ནས་མ་བྲིས་ལ། རྒྱུ་མཚན་དེས་ན་ངེད་རང་ལ་བཀའ་དྲིན་མཆོག་ཏུ་ཆེ་བའི་བླ་མ་རྣམ་གསུམ་གྱིས་གཙོ་མཛད། རྩ་བརྒྱུད་ཀྱི་བླ་མ་གོང་མ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱི་ཐུགས་དགོངས་རྫོགས་པའི་ཕྱིར་དང་། སྤྱིར་སངས་རྒྱས་ཀྱི་བསྟན་པ། སེམས་ཅན་གྱི་བདེ་སྐྱིད། ལྷག་པར་དཔལ་ལྡན་ས་སྐྱ་པའི་བསྟན་པ་སྡེ་གདུང་བརྒྱུད་དང་བཅས་པ་སྙིང་ཁོང་བཅངས་པའི་རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་བློ་རྒྱང་རིང་དུ་སྤངས་ནས། ཐེག་ཆེན་སེམས་བསྐྱེད་ཀྱི་གོ་ཆ་བཟང་པོ་གྱོན་ཏེ། ལྷག་བསམ་བཟང་པོས་ཀུན་ནས་བླངས་པའི་ཉན་ཐོས་འདུལ་བ་ནས་བཤད་པའི་བསྙེན་པར་རྫོགས་པ་དང་། དགེ་ཚུལ་དང་ཚངས་སྤྱོད་ཀྱི་བསླབ་པ་ཇི་སྲིད་འཚོའི་བར་དུ་བསྲུང་བར་ཁས་བླངས་པ་དེ་ཉིད་དེ་ལས་ཉམས་པ་དང་། ཕྱིས་བླང་དུ་མེད་པ་སོགས་ཀྱི་ཉེས་པ་མི་འབྱུང་བའི་ཕྱིར། དམ་ཆོས་འདུལ་བ་རང་ནས་