R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༥བ
[A:༣༡༥བ]ལ་བསྒྲིལ་དགོས་པ་ཡོང་ཞེས་ཡང་ཡང་དུ་གསུང་བ་སོགས་བཀའ་སྩལ་པ་ཐམས་ཅད་ཐོག་ཏུ་ཁེལ་བྱུང་བས། རང་ངོས་ནས་གདན་སའི་ཁུར་འདི་ཙམ་མི་ལྕོགས་པ་ལ་ཐུག་འདུག་ཀྱང་འདི་བཞིན་གྱི་ཁུར་བྱས་པས། རྒྱལ་སྲས་སྦས་པའི་རྣལ་འབྱོར་དེ་ཉིད་ཀྱི་དགོངས་པ་ཆོས་དབྱིངས་སུ་རྫོགས་རྒྱུར་འདུག་པས་གཙོ་བོར་འདི་ཁོ་ན་བསམས་པ་དང་། ཡང་གྲུབ་པའི་འཁོར་ལོས་སྒྱུར་བ་འཇམ་དབྱངས་དབང་པོའི་མཚན་ཅན་ཉིད་དང་། སྤྲེའུ་ལོ་གདན་ས་ཆེན་པོ་ཉིད་དུ་མཇལ་བའི་དུས་ལྷ་ཁང་ཆེན་མོའི་ཡང་སྟེང་པོ་ཏ་ལར་ངེད་རང་ལ་ཤིན་ཏུ་དགེས་པའི་གསུང་མང་དུ་བྱོན་པའི་མོད་ལ། སྔོན་སྔགས་འཆང་ཆེན་པོས་གདན་ས་ཆེན་པོའི་འཛིན་སྐྱོང་མཛད་ཚུལ་རྣམས་ཞིབ་པར་གསུངས་ནས། ད་ནི་གདན་སའི་ཁུར་ཁྱེད་རང་གིས་བྱས་ན་མ་བྱས་ན་རང་འདི་ཀ་ཡིན་ཚུལ་སྐུ་ངོས་སུ་ཡང་བཀའ་ནན་སྩལ་ཞིང་། ལྷག་པར་ཞིང་མི་བརྗེ་ཙམ་གྱི་སྐུ་བསྙུང་བའི་སྐབས་ཤིག་ཐུགས་དམ་ཕྱག་བྲིས་མ་ཞིག་ཕེབས་བྱུང་བའི་ནང་ན། ས་སྐྱ་པའི་བསྟན་པ་འདི་རྩ་རླག་ལ་མི་འགྲོ་ཙམ་ཞིག་བྱེད་ན་སྒར་པའི་ཁམས་སུ་བསྡད་གདུང་སྤེལ་བྱས། ཁྱེད་རང་གིས་ས་སྐྱར་གདུང་སྤེལ་བྱས་ནས་མ་འཆུགས་པ་ཞིག་བྱས་ན་མ་བྱས་ན་རང་དུ་འདུག་པ་དགོངས་འཚལ། དེང་འཆི་ཁ་མ་ཚོ་ལ་དེའི་བྱུས་དགོས་རྒྱུ་མི་འདུག་གསུངས་པ་འདུག་པ་ནས། རྗེ་འཇམ་པའི་དབྱངས་དེ་ཉིད་ཀྱིས་ཀྱང་དགོངས་པ་རྫོགས་པའི་ཕྱིར་དང་། གཞན་ཡང་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་རྒྱལ་བ་མུས་པ་ཆེན་པོའི་གསུང་ལས་ཀྱང་། ཁྱེད་རང་རིང་པོར་མི་ཐོགས་པ་ལོག་སྒྲུབ་ཐམས་ཅད་ནམ་མཁའ་ལ་